མཱའོ་ཙེ་ཏུང་གི་ཕྱག་བྲིས་ལ་ཨ་སྒོར་ ༩༡༠༠༠༠ བྱས་ཏེ་བཙོངས།

མའོ་ཙེ་ཏུང་གི་ཕྱག་བྲིས་ཀུན་བཏུས་དཔེ་དེབ་ཅིག་ལ་རིན་སྤར་ཚོང་སྒྱུར་བྱས་ཏེ་དཔེ་དེབ་དེའི་རིན་གོང་ཐོག་མའི་ཚོད་དཔག་ལས་ལྡབ་བཅུ་ཡར་འཕར་ཏེ་བཙོངས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མའོ་ཙེ་ཏུང་གིས་རང་གི་ལག་འོག་གི་ཡི་གེ་ཀློག་མཁན་ཞིག་ལ་བྲིས་བའི་ཕྱག་བྲིས་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ཅིག་ཁ་སང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པའི་སཱོ་ཐི་བྷའི་(Sotheby)རིན་སྤར་ཚོང་སྒྱུར་ཚོགས་པས་ཨ་སྒོར་ ༩༡༠༠༠༠ བྱས་བཙོངས་ཡོད་འདུག

རིན་སྤར་ཚོང་ཚོགས་དེས་གསལ་བསྒྲགས་སྤེལ་བ་ལྟར་ན། དཔེ་དེབ་དེའི་ནང་གི་ཕྱག་བྲིས་རྣམས་ནི་ཆེས་བརྙེད་པར་དཀའ་བའི་མའོ་ཙེ་ཏུང་གི་ཕྱག་བྲིས་དངོས་ཡིན་པ་མ་ཟད། ཕྱག་བྲིས་དེ་དག་རྒྱ་ནག་གི་སྲོལ་རྒྱུན་སྙན་ངག་དང་རྩོམ་རིག་སོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་ཧ་ཅང་ཀློག་འདོད་ཡོད་པའི་དེབ་ཅིག་ཆགས་ཡོད།

ཕྱག་བྲིས་དེ་དག་སྔོན་མ་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཏེ་འདས་གྲོངས་སུ་མ་ཕྱིན་པའི་སྔ་ལོ་དེར་བྲིས་པ་ཞིག་ཡིན་པ་དང་། སྐབས་དེར་མའོ་ཙེ་ཏུང་གི་མིག་གི་དབང་རྩ་ཉམས་ཏེ་ཡི་གེ་ཀློག་མི་ཐུབ་པར་གྱུར་ཡོད་སྟབས། ཁོས་མཁས་དབང་ཞིག་གདན་འདྲེན་ཞུས་ཏེ་ཡི་གེ་ཀློག་ཏུ་འཇུག་པའི་རེ་འདུན་བཏོན་པ་ལྟར། རྒྱ་ནག་གཞུང་གིས་ཐོག་མར་ལྕམ་ཏི་ལའོ་(Di Lu)ལགས་མའོ་ལ་ངོ་སྤྲོད་བྱས་ཡོད། སྐབས་དེར་མའོ་ཙེ་ཏུང་གི་མིག་དབང་ཉམས་ཡོད་པ་ཙམ་མ་ཟད། ཁ་ལྕེའང་མི་དག་པར་གྱུར་ཡོད་སྟབས། ལྕམ་ཏི་ལའོ་ལགས་ཀྱིས་མའོ་ཙེ་དུང་ལ་འབྲི་དེབ་ཅིག་སྤྲད་དེ་ཁོའི་བསམ་བློར་གང་དྲན་ཡོད་པ་ཚང་མ་ཡིག་ཐོག་ལ་འཁོད་དུ་བཅུག་སྟེ་ཕན་ཚུན་བར་གོ་བརྡ་འཕྲོད་ཐབས་བྱས་ཡོད།

ཐེངས་འདིའི་ཕྱག་བྲིས་རྩོམ་དེབ་དེ་ནི་མའོ་དང་ལྕམ་ཏི་ལའོ་གཉིས་བར་མཇའ་འཛོམས་བྱུང་སྐབས་ཀྱི་མའོ་ཡི་བསམ་བློའི་མཇུག་འབྲས་ཤིག་ཡིན་སྐོར་སཱོ་ཐིའི་བྷའི་ཚོགས་པའི་མགྲིན་ཚབ་པས་བརྗོད་དོན། “དེབ་དེའི་ནང་རིན་ཐང་གཞལ་དུ་མེད་པའི་མའོ་ཡི་རྒྱ་ནག་གི་རྩོམ་རིག་བསམ་གཞིགས་གྲངས་མེད་ཅིག་འཁོད་འདུག་”ཅེས་བརྗོད་ཡོད།

ཕྱི་ལོ་ ༡༩༤༩ ལོར་མའོ་ཙེ་དུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་དེ་གོ་མན་ཏང་དང་དམག་འཁྲུག་བརྒྱབ་སྟེ་རྒྱལ་ཁ་ལངས་ཡོད་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་བརྙེས་ཡོད། མའོ་ཙེ་ཏུང་གིས་ལོ་ན་གཞོན་དུས་ནས་པེ་ཁེན་(Peking)གཙུག་ལག་སློབ་གྲྭའི་དཔེ་མཛོད་ཁང་དུ་རྒྱུན་པར་དཔེ་ཀློག་བྱེད་བཞིན་ཡོད་པ་དང་། ཕྱིས་སུ་ཁོས་རྒྱ་ནག་ནང་རིག་གནས་གསར་བརྗེ་བསླངས་ཏེ་ཆབ་སྲིད་ཀྱི་ནག་ཉེས་བསགས་ཡོད་མེད་ལ་མ་ལྟོས་བར། མའོ་ཙེ་ཏུང་ནི་ཚེ་གང་བོར་རྩོམ་རིག་སྒྱུ་རྩལ་ལ་དུང་ཞེན་ཆེ་བའི་འབྲི་ཀློག་མཁན་ཞིག་ཡིན་པ་ཀུན་ལ་གྲགས་ཡོད།

སཱོ་ཐིའི་བྷའི་རིན་སྤར་ཚོང་ཁང་གིས་བརྗོད་པ་ལྟར་ན། དེབ་དེར་འཛམ་གླིང་གི་ཚོང་པ་མང་པོས་འགྲན་རྩོད་ཐོག་རིན་སྤར་ཉོ་ཚོང་བྱས་བའི་མཐའ་མར་རྒྱ་ནག་གི་ཚོང་པ་ཞིག་གིས་ཉོས་ཡོད་པ་དང་། རིན་སྤར་ཚོང་ཁང་དེའི་དཔེ་དེབ་དང་ཕྱག་བྲིས་ཡི་གེ་ཆེད་མཁས་པ་སྐུ་ཞབས་གྷའེ་བྷི་རལ་ཧི་ཊོན་(Gabriel Heaton)ལགས་ཀྱིས་ “ཕྱག་བྲིས་རྩོམ་དེབ་དེས་མའོ་ནི་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དང་ཆབ་སྲིད་ཀྱི་ས་མཚམས་ལས་བརྒལ་ཏེ། རྒྱ་ནག་གི་རིག་གཞུང་སྤྱིར་དོགས་སློང་ཐེར་འདོན་བྱེད་མཁན་ཞིག་ཡིན་པ་བསྟན་ཡོད་”ཅེས་བརྗོད་ཡོད།

སྐུ་ཞབས་ཧི་ཊོན་ལགས་ཀྱིས་དེབ་དེ་ཐོག་མའི་ཚོད་དཔག་རིན་གོང་ལས་བརྒལ་ཡོད་སྐོར་བརྗོད་དོན། མའོ་ཙེ་ཏུང་གི་ཕྱག་བྲིས་ཡི་གེ་རིགས་དེང་སྐབས་ཁྲོམ་རྭའི་ནང་བརྙེད་དཀའ་བར་བརྟེན། ང་ཚོས་དེབ་དེར་ཐོག་མའི་ཚོད་དཔག་རིན་གོང་སྒྲིག་རྒྱུ་ནི་དཀའ་ལས་ཁག་པོ་ཆགས་འདུག ཅེས་དང་། ཁོང་གིས་མུ་མཐུད་དུ་ཨེ་ཤ་ཡ་དང་རྒྱ་ནག་ནང་མའོ་དང་འབྲེལ་བའི་གནའ་རྫས་དག་ཉོ་འཚོང་བྱེད་མཁན་མང་པོ་ཡོད་ཅེས་སོགས་བརྗོད་ཡོད། ད་ལོའི་ལོ་མགོར་ཧོང་ཀོང་ནང་ཨ་རིའི་སྒྱུ་རྩལ་བ་ཨན་ཌི་ཝ་ཧོལ་(Andy Warhol)ལགས་ཀྱིས་བྲིས་བའི་མའོ་ཙེ་ཏུང་གི་དར་སྐུད་འདྲ་དཔར་ཞིག་ལ་ཨ་སྒོར་ས་ཡ་ ༡༡ སྤྲད་དེ་རིན་སྤར་ཚོང་སྒྱུར་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༧/༡༢

Leave a Reply

5 thoughts on “མཱའོ་ཙེ་ཏུང་གི་ཕྱག་བྲིས་ལ་ཨ་སྒོར་ ༩༡༠༠༠༠ བྱས་ཏེ་བཙོངས།

  1. ཨ་ཕོ་མཐུ་ཆེན།

    མཱའོ་ཙེ་ཏུང་ལགས་ཀྱི་ཕྱག་བྲིས། ཞེ་ས་ཞེ་སར་བཞག་དགོས། ཞེ་ས་དང་ཕལ་སྐད་འདྲེས་མི་ཉན།

  2. ཨ་ཕོ་མཐུ་ཆེན།

    དེང་སང་ཞེ་ས་དང་ཕལ་སྐད་བསྲེས་ནས་བྲིས་ཀྱི་འདུག དཔེར་ན། མཱའོ་ཙེ་ཏུང་གི་ཕྱག་བྲིས་ལ་ཨ་སྒོར་ ༩༡༠༠༠༠ བྱས་ཏེ་བཙོངས། ཟེར་བ་ལྟ་བུ།

    དངོས་གནས་བྱས་ན། མཱའོ་ཙེ་ཏུང་གི་ལག་བྲིས་ཅེས་བྲིས་དགོས་རེད།

    ཞེ་ས་བྲིས་ན། མཱའོ་ཙེ་ཏུང་ལགས་ཀྱི་ཕྱག་བྲིས་ཅེས་འབྲི་དགོས།

  3. མི་རྙིང་པར་གོང་དེ་འདྲ་ཁུག་ན་རྒན་ཁོག་སྡུག་གསོད་གཏོང་མཁན་ཡོང་མི་སྲིད་ལ་འཕྲོད་རྟེན་འགན་སྲུང་མ་འཇོག་བྱེད་མི་དགོས་པར་འགྱུར་ཏེ་ཚེ་མཇུག་སྐྱིད་པོ་བཏང་ཆོག་འདུག་ཧཧཧ།

  4. གཞུང་པ་ཚེ་དབང་བསོད་ནམས་

    བྷཧཧ སྐལ་བཟང་དུས་བཟང་མི་བཟང་རྫོགས་།
    སྐལ་ངན་དུས་ངན་མི་ངན་འཛོམས་།
    དེ་སྔོན་འཇར་མན་གྱི་བདུད་རྒྱལ་ཧི་ཊི་ལར་གྱི་སྟོད་གོས་རྩབ་རལ་ཞིག་ལ་ཨ་སྒོར་ས་ཡ་མང་པོ་ལ་ཉོ་ཚོང་བྱས་པའི་ལོ་རྒྱུས་འཐོས་མྱོང་ལ་ད་ལམ་མ་འོ་བདུད་རྒྱལ་གྱི་བྲིས་རྩོམ་ཁྱ་ར་ཁྱོ་རེ་ལ་ཨ་སྒོར་འབུམ་དགུ་ལྷག་ལ་ཉོ་ཚོང་ལ་ཧང་སང་མ་སོང་གང་ལགས་ཟེར་ན་།
    དུས་ཀྱི་འཕོ་འགྱུར་མི་གི་བྱེད་ལས་རག་།
    མི་ངན་སྤྱོད་ངན་དཔུང་སྒྲིགས་རྒྱལ་ཁམས་རླག་།
    མི་གསོད་ཁྲག་སྦྱོར་བྱེད་གཏེ་དཔའ་བོར་བཀུར་།
    འཇིག་རྟེན་མི་གི་ལས་རྣམས་ཕྱོགས་གཏོགས་འོག་།
    ལས་བདེན་པ་མི་གཙོ་རྫུན་པ་གཙོ་།
    མི་དྲང་པོ་མི་གཙོ་ཁྲམ་པ་གཙོ་།
    ཚེ་འཆི་མ་མི་གཙོ་འདི་སྒང་གཙོ་།
    མི་བཟང་པོ་མི་གཙོ་མི་ངན་གཙོ་།

  5. བཅའ་དངོས་རྙིང་པའི་རིགས་ནི་དེང་དུས་རྒྱལ་སྤྱིའི་ཁྲོམ་རའི་ནང་ཧ་ལས་པས་རིན་གོང་ཆེན་པོ་ཆགས་ཡོད།