ཞི་ཅིན་ཕིན་ལ་འདྲ་བའི་དོམ་སེར་གྱི་པར་རིས་བཀག་སྡོམ་བྱས།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་འཐོན་པ་ལྟར་ན། དེང་སྐབས་རྒྱལ་སྤྱིའི་ཐོག་བྲིན་རྒྱུག་ཆེ་བའི་འགུལ་རིས་གློག་བརྙན་(Winnie the Pooh)ཞེས་པའི་ནང་གི་པར་རིས་འགའ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བཞིན་ཡོད་པ་དང་། དེ་ནི་གློག་བརྙན་དེའི་ནང་གི་ཝེ་ནེ་པོའོ་(Winnie the Pooh)ཞེས་པའི་དོམ་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་འདྲ་བོ་ཡོད་འདུག

བྷེ་བྷེ་སི་གསར་ཁང་གིས་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་བདུན་ཕྲག་འདིའི་ནང་ཝེ་ནེ་པོའོ་ཞེས་པའི་གློག་བརྙན་སྐོར་གྱི་པར་རིས་ཁག་སྤྱི་ཚོགས་དྲ་ལམ་ཝེ་པོ་དང་སྐད་འཕྲིན་སོགས་ནས་ནག་གསུབ་བྱས་ཡོད་པ་དང་། དེ་ནི་འགུལ་རིས་དེའི་ནང་གི་དོམ་ཟེར་དེ་དང་ཁོའི་གྲོགས་པོ་སྟག་ཕྲུག་གཉིས་མཉམ་དུ་སྐྱོད་བཞིན་པའི་རྣམ་པ་དང་། ༢༠༡༣ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨ་རིའི་སྲིད་འཛིན་ཟུར་བ་ཨོ་བྷ་མ་གཉིས་མཉམ་དུ་སྐྱོད་བཞིན་པའི་རྣམ་པ་ཧ་ཅང་འདྲ་བོ་ཆགས་ཡོད་སྟབས། སྤྱི་ཚོགས་དྲ་ལམ་ཁག་ཏུ་པར་རིས་དེ་གཉིས་མཉམ་སྦྱར་གྱིས་ཁྱབ་བརྡལ་འགྲོ་བཞིན་ཡོད་འདུག

གཞན། འགུལ་རིས་དེའི་ནང་། ཞི་ཅིན་ཕིན་དང་འདྲ་བའི་པར་གཞན་འགའ་ཡང་ཁྱབ་བཞིན་ཡོད་ཅིང་། དེ་ནི་ ༢༠༡༥ ལོར་ཉི་ཧོང་གི་སྲིད་བློན་ཤཱིང་ཛོ་ཨཱ་བྷེ་དང་དང་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཐུག་འཕྲད་ཀྱིས་ལག་འཇུ་བྱས་པ་དང་།འགུལ་རིས་དེའི་ནང་གི་དོམ་སེར་གྱིས་ཁོའི་གྲོགས་པོ་བོང་བུ་དང་ལག་འཇུ་བྱས་པ་གཉིས་འདྲ་བོ་ཡོད་པའི་པར་ཞིག་ཡིན་འདུག

བྷེ་བྷེ་སི་དྲ་བས་ “རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་འགུལ་རིས་དོམ་སེར་གཉིས་ཀྱི་ཕྱི་ཚུལ་ཧ་ཅང་འདྲ་བོ་ཡོད་པ་རེད།”ཅེས་འཁོད་འདུག སྤྱིར་རྒྱ་ནག་མི་མང་གིས་སྒང་གི་དཔོན་རིགས་ཚོར་ཟུར་ཟ་དང་སྐྱོན་བརྗོད་བྱེད་ཆོག་གི་མེད་ཀྱང་། དེང་སྐབས་རྒྱ་ནག་མི་མང་གིས་སྤྱི་ཚོགས་དྲ་ལམ་ཁག་ནང་མངོན་གསལ་མིན་པའི་ཚུལ་གྱིས་གཞུང་གི་དཔོན་རིགས་ཚོར་ཟུར་ཟ་བྱེད་པ་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་མི་མང་གི་སེམས་ཚོར་རྣོ་བོ་ཡོད་པ་དང་། ཆབ་སྲིད་ཀྱི་གནད་དོན་ཡོད་རིགས་དྲ་ལམ་ཁག་ནས་གཏན་འགོག་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་གི་དྲ་ལམ་ཁག་ནང་འཆར་མི་ཐུབ་པའི་གནས་ཚུལ་མང་པོ་ཞིག་ཡོད་པ་དང་། གནས་ཚུལ་དེ་དག་ཐབས་ལམ་འདྲ་མིན་བརྒྱུད་རག་ཐབས་བྱས་ཏེ་ཕན་ཚུན་བརྒྱུད་སྐུར་བྱས་ཚེ་ཁྲིམས་འགལ་ཆགས་ཀྱི་ཡོད། དེང་སྐབས་རྒྱ་ནག་གི་དྲ་ལམ་ཁག་ཏུ་ཉེ་སྔོན་གྲོངས་མ་ཐག་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞོ་པོའི་སྐོར་བཀག་འགོག་བྱེད་ཡུལ་གཙོ་བོ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་མི་མང་ཁྲོད་ཁོང་གི་སྐོར་ནས་ཅི་ཡང་མ་གོ་མཁན་དང་ཁོང་གི་གནས་ཚུལ་གང་ཡང་མི་ཤེས་མཁན་མང་པོ་ཡོད། གནད་དོན་དེའི་ཐད་ནས་རྒྱ་ནག་གི་དྲ་ལམ་བཀག་འགོག་ལེགས་འགྲུབ་ཆེན་པོ་བྱུང་ཡོད།

ཨོ་སི་ཊོ་ལི་ཡའི་སེ་ཌི་ནེ་ལཱོ་ཡེ་མཐོ་རིམ་སློབ་གྲྭའི་ལྷོ་ཨེ་ཤ་ཡའི་ལས་འཆར་སྡེ་ཚན་གྱི་འགན་འཛིན་(Merriden Varrall)ལགས་ཀྱིས་ “ཟུར་ཟ་དང་སྐྱོན་བརྗོད་སོགས་ཀྱིས་དམར་ཤོག་ཚོགས་པའི་གཞུང་འཛིན་ལ་གནོན་སྐྱོན་ཡོང་བའི་གཉེན་ཁ་མཐོང་གི་ཡོད་པ་རེད།”ཅེས་བརྗོད་ཡོད།

ཐེངས་འདིར་སྤྱི་ཚོགས་དྲ་ལམ་དུ་ཁྱབ་བཞིན་པའི་འགུལ་རིས་གློག་བརྙན་ནང་གི་དོམ་སེར་དང་སྟག་ཕྲུག་གཉིས་སྐྱོད་བཞིན་པ་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་སྐྱོད་བཞིན་པ་ཕྱི་ཚུལ་འདྲ་བོ་ཡོད་པ་ཙམ་མ་ཡིན་པར། ནང་བསམ་བློ་སོགས་གང་ཅིའི་ཐད་ནས་སེམས་ཅན་དེ་གཉིས་ལ་བར་ཁྱད་ཆེན་པོ་ཡོད་པ་ལྟར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཉིས་ལའང་བར་ཁྱད་ཆེན་པོ་ཡོད་བསྟན་ཡོད།

ཕྱོགས་གཅིག་ནས་ད་ལོའི་རྒྱལ་ཡོངས་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པ་བསླེབ་ལ་ཉེ་སྟབས།རྒྱ་ནག་གཞུང་གིས་ཚོགས་ཆེན་དེར་བར་ཆད་དང་ཟིང་འཁྲིག་མི་འབྱུང་ཆེད་དྲ་ལམ་ཁག་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

ཝེ་ནེ་པོའོ་ཞེས་པ་ནི་དབྱིན་ཇིའི་རྩོམ་པ་པོ་དང་(A. A. Milne)ལགས་ཀྱིས་ ༡༩༢༦ ལོའི་ནང་བྲིས་པའི་བྱིས་པའི་སྒྲུང་དེབ་ཅིག་གི་མིང་ཡིན་ཞིང་། སྒྲུང་དེར་རྗེས་སུ་བྱིས་པའི་འགུལ་རིས་གློག་བརྙན་བཟོས་ཡོད་འདུག ཁོང་ནི་བརྩམས་སྒྲུང་རྩོམ་པ་པོ་དང་སྙན་ངག་པ་འཁྲབ་གཞུང་རྩོམ་པ་པོ་བཅས་ཡིན་ཞིང་། ཁོང་གིས་དེ་སྔ་བྱིས་པའི་སྒྲུང་དེབ་དང་བྱིས་པའི་རྩོམ་ཡིག་མང་པོ་བྲིས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༡༩

Leave a Reply