ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༤)

ལས་ཀྱི་འཛོམས་པ། (༤ )

ཏིན་ཡི་ཧྥུ་དང་ལི་ཅང་ལིན་གཉིས་ཀྱིས་བརྩམས
ལོ་མ་རྒྱལ་གྱིས་རྒྱ་ཡིག་ལས་བསྒྱུར།

རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་ཏིན་ཡི་ཧྥུ་དང་ལྕམ་ལི་ཅང་ལིན་གཉིས་ཀྱིས་༧གོང་ས་མཆོག་གི་ཚན་རིག་ལྟ་བ་དང་སེམས་དང་སྲོག་གི་བགྲོ་གླེང་རིམ་པའི་སྐོར་ལ་དྲི་བ་དྲིས་ལན་གྱི་རྣམ་པའི་ཉམས་ཞིབ་གནང་བའི་དཔེ་དེབ་<<ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་།>>ཞེས་པའི་དེབ་ཀྱི་ལེའུ་དང་པོ་<ལས་ཀྱི་འཛོམས་པ།>ཞེས་པ་ ༢༠༡༧།༥།༢༥ ཉིནདྲ་ལམ་དུ་སྤེལ་ཡོད་པ་བོད་སྒྱུར་བྱས་ཡོད།

དངོས་པོ་སྟུག་པོ་དང་། དངོས་པོ་ཕྲ་མོ།

ཀ: ཏཱ་ལའི་བླ་མ་དང་ཏ་ཝེ་ཊི-བྷོམ་གཉིས་ཀྱིས་ཅི་ཞིག་གླེང་ཡོད་དམ།

ཁ: ལྕམ་རེ་ནེ-ཝེ་པེར(Renee Weber)གྱིས་ཁོང་རྣམ་གཉིས་ལ་འདི་ལྟར་དྲི་བ་བཀོད། “དངོས་པོའི་མཚན་ཉིད་སྤྱི་ལ་དུས་རབས་ཉི་ཤུའི་ནང་དུ་འགྱུར་བ་ཧ་ཅང་ཆེན་པོ་ཞིག་ཐེབས། དཔེར་ན། ཏ་ཝེ་ཊི-བྷོམ་གྱིས་དངོས་པའི་ཕྲ་སྟུག་གི་ལྟ་ཚུལ་གླེང་བ་ལྟ་བུ་རེད། དེ་ན། དེང་གི་དངོས་ཁམས་རིག་པ་དང་ནང་པའི་ལྟ་ཚུལ་གྱི་ཐད་ནས། དངོས་པའི་མཚན་ཉིད་སྐོར་ལ་བགྲོ་གླེང་བྱེད་ན་ག་འདྲ་འདུག”

ཀ: ཏ་ཝེ་ཊི-བྷོམ་གྱིས་དྲི་བ་དེར་ལན་ཇི་ལྟར་བཏབས་ཡོད་དམ།

ཁ: ཏ་ཝེ་ཊི-བྷོམ་གྱིས་གསུངས་རྒྱུར། ང་ཚོའི་རྒྱུན་ལྡན་གྱི་མིག་ཤེས་དང་ལུས་ཤེས་ལ་བརྟེན་ནས་ཚོར་བའི་དངོས་པོ་ཕྲ་མོ་རྣམས་ནི། དོན་དམ་པར་དེ་དག་གི་ཆ་ཤས་མང་པོ་ཞིག་ནི་སྟོང་པ་ཡིན་ཞིང་། སྟོང་པའི་ཆ་དེ་རུ་ཧ་ཅང་ཆུང་བའི་རྡུལ་ཕྲན་ཁ་ཤས་རྒྱུ་སྐར་དང་འདྲ་བར་འཁོར་སྐྱོད་བྱེད། ནུས་ཤུགས་ཆེ་བའི་རྡུལ་ཕྲན་ཁ་ཤས་ནི་ལྟོས་ཚོད་དུ་མཁྲེགས་པོར་གནས་པའི་དངོས་པོ་ཕྲ་མོ་རྣམས་ཀྱི་ནང་དུ་འཛུལ་གྱི་ཡོད། རྡུལ་ཕྲན་དེ་དག་ནི་ང་ཚོས་བསམ་པ་ལས་ཀྱང་ཧ་ཅང་ཕྲ་མོ་རེད། ཡིན་ན་ཡང་། ལྟོས་གྲུབ་དང་ཁོམ་ཊོན་རྣམ་གཞག་གི་ཞིབ་འཇུག་ལ་བརྟེན་ནས། དངོས་པོ་ནི་ངེས་པར་དུ་གནས་(Field)ཤིག་ཏུ་གོ་བ་ལེན་དགོས་པ་དང་། རྡུལ་ཕྲན་ནི་གནས་ཀྱི་ཚོགས་པ་ཞིག་ཏུ་གོ་བ་ལེན་དགོས་པར་བརྗོད། “གནས”ནི་གང་སར་ཡོད་པ་དང་། དེས་ཁོམ་ཊོན་རྣམ་གཞག་གི་ཆོས་ཉིད་ལ་བསྟུན་གྱི་ཡོད། ང་རང་གིས་བསམ་ན། ཆོས་ཉིད་དེ་དག་ནི་ད་དུང་ཡང་དངོས་ཁམས་ཚན་རིག་པ་རྣམས་ཀྱིས་གཏིང་ཟབ་པའི་སྒོ་ནས་རྟོགས་ཐུབ་ཀྱི་མེད་པར་འདོད། ཡིན་ན་ཡང་། ད་ལྟ་ང་ཚོས་སྡོམ་ཚིག་ཁ་ཤས་ཤིག་བཞག་ཐུབ་ཡོད། དེ་དག་གི་ཁྲོད་ནས་སྡོམ་ཚིག་གཅིག་ནི། གནས་ནི་རླབས་ཀྱི་རྣམ་པ་འདྲ་མིན་ཞིག་གིས་གྲུབ་ཡོད་པ་དེ་ཡིན། རླབས་ཀྱི་རྣམ་པ་རེ་རེ་ལ་ཡང་ཧ་ཅང་ཆུང་བའི་འགུལ་སྐྱོད་ཀྱི་ནུས་ཚད་ཅིག་ཡོད། རླབས་ཀྱི་རྣམ་པ་རེ་རེ་ལ་ཡང་ཧ་ཅང་ཆུང་བའི་ནུས་པ་ཞིག་ཡོད། དེ་ནི་ཧ་ཅང་ཆུང་བའི་ནུས་པ་ཞིག་ཡིན་མོད། འོན་ཀྱང་། བར་སྣང་གི་རླབས་ཀྱི་གྲངས་ཀ་ནི་ཧ་ཅང་མང་པོ་ཡིན་པ་དང་། དེའི་སྟེང་དུ་ཧ་ཅང་ཆུང་བའི་ནུས་པ་དེ་དག་ལྷན་དུ་འདྲེས་ཚེ། ནུས་པ་ཆེན་པོ་ཞིག་ཏུ་འགྱུར་གྱི་ཡོད། གལ་ཏེ། རླབས་ནི་ང་ཚོས་བསམ་པ་ལྟར་ཆུང་དུ་གྱུར་ཚེ། སྤྱིའི་ནུས་ཤུགས་ཧ་ཅང་ཆེན་པོར་གྱུར་འགྲོ དོན་དངོས་སུ། རླབས་ནི་ཚད་བཀག་ཅན་གྱི་བར་སྣང་ཞིག་ཏུ་བཀག་པ་ཡིན་ན། བར་སྣང་དེ་ནས་ང་ཚོའི་རྣམ་གཞག་རྣམས་འཆོལ་བར་གྱུར་ཚེ། ཚད་བཀག་གི་བར་སྣང་ཆུང་ཆུང་ཞིག་ཏུ་འདུས་པའི་ནུས་ཤུགས་དེ་ནི། ང་ཚོས་ཤེས་ཟིན་པའི་འཇིག་རྟེན་ཡོངས་ཀྱིས་ལྷོད་པའི་ནུས་ཤུགས་ལས་ཀྱང་ཆེ། འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་དམ་ཞེ་ན། ང་ཚོས་ཤེས་ཟིན་པའི་དངོས་པོ་རྣམས་ནི། སྟོང་པའི་བར་སྣང་དུ་ཡོད་པའི་རླབས་རིས་ཆུང་ཆུང་ཞིག་ཡིན་པ་གསལ་བཤད་བྱེད་ཀྱི་ཡོད། ཕྱོགས་གཅིག་ནས་བཤད་ན། དངོས་པོ་ནི་སྟུག་པོ་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན། དངོས་པོ་ནི་སྟུག་པོ་ཞིག་མ་རེད། དངོས་པོ་ནི་འགུལ་སྐྱོད་ཅིག་རེད། ཧ་ཅང་རྙོག་འཛིང་ཆེ་བའི་འགུལ་སྐྱོད་ཅིག་རེད།

ཏ་ཝེ་ཊི-བྷོམ་གྱིས་མུ་མཐུད་ནས་གསུང་རྒྱུར། དེང་གི་གནམ་དཔྱད་པ་རྣམས་ཀྱིས་འཇིག་རྟེན་གྱི་འབྱུང་ཁུངས་ནི། འབར་གས་ཆེན་མོ་ཡིན་པ་དང་། སྐབས་དེར། ཡོད་ཚད་གོང་བུ་གཅིག་ཏུ་གནས་ཡོད་པ་དང་། འབར་གས་ཆེན་མོ་བྱུང་བ་ནས་བཟུང་། ཕྱིར་མཆེད་པར་འདོད་ཀྱི་ཡོད། ལྟ་ཕྱོགས་ངེས་ཅན་ཞིག་ནས་བལྟས་ན། དེ་ནི་འཇིག་རྟེན་ཧྲིལ་བོ་རེད། ཡིན་ན་ཡང་། དེ་ལས་གཏིང་ཟབ་པའི་སྒོ་ནས་བལྟས་པ་ཡིན་ན། འཇིག་རྟེན་ནི་སྔར་བཞིན་རླབས་རིས་ཤིག་རེད། ང་ཚོས་དངོས་པོ་ལ་ཞིབ་ཚགས་པོའི་སྒོ་ནས་བརྟག་ཅིང་དཔྱད་ན། དངོས་པོའི་ཆེས་ཕྲ་མོའི་རང་བཞིན་དེ་མཐོང་ཡོང་། དངོས་པོ་ནི། འཕྲུལ་ཆས་ཀྱི་རྣམ་པའི་སྒོ་ནས་འགུལ་སྐྱོད་བྱེད་པའི་རྡུལ་ཕྲན་ཞིག་མ་རེད། ང་རང་གིས་བལྟས་པ་ཡིན་ན། དངོས་ལུགས་སྡོམ་ཚིག་གིས་ང་ཚོར་ཕལ་ཆེར་འདི་ལྟར་རྗོད་ཀྱི་ཡོད་དེ། རང་བྱུང་ཁམས་ནི་ཕྲ་ཞིང་ངོ་མཚར་བ་ཞིག་རེད། དེ་ལ་ཕལ་ཆེར་ཚེ་སྲོག་དང་རྣམ་དཔྱོད་ལྡན་ནོ།།

ཀ: དེ་ནི་དུས་རབས་ཉི་ཤུའི་དངོས་ཁམས་རིག་པའི་བསམ་ཡས་ལས་འདས་པའི་གསར་རྙེད་ཅིག་ཡིན་ལ། དེང་རབས་དངོས་ཁམས་རིག་པའི་ཁྲོད་ཀྱི་ཆེས་རྟོགས་དཀའ་བའི་གནད་ཅིག་ཀྱང་ཡིན། དངོས་ཁམས་རིག་པ་བ་རྣམས་ཀྱིས་སྤྱིར་བཏང་གི་མི་རྣམས་ལ་གསར་རྙེད་དེ་དག་འགྲེལ་རྗོད་བྱེད་རྒྱུ་ཧ་ཅང་དཀའ། རྒྱུ་མཚན་ནི། དངོས་ལུགས་ཀྱི་སྣང་ཚུལ་དེ་དག་ནི་དངོས་ཁམས་སྨྲ་བ་རྣམས་ཀྱི་གྲངས་ཀྱི་རྣམ་པའི་སྒོ་ནས་གསར་རྙེད་བྱས་པ་ཞིག་ཡིན་པས་རེད། སྤྱིར་བཏང་གི་མི་ཞིག་ལ་དེ་འདྲའི་གྲངས་སམ་ཨང་རྩིས་ཀྱི་སྦྱོང་བརྡར་མེད། ཏ་ཝེ་ཊི-བྷོམ་ནི། དེང་གི་ཚན་རིག་གི་ཁྱབ་ཁུངས་ནས། ལྟོས་གྲུབ་རྣམ་གཞག་དང་ཁོམ་ཊོན་ཤུགས་རིག་གཉིས་ཀྱི་ཐད་ལ། འགྲེལ་རྗོད་བྱེད་མཁན་ཆེས་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད། འོ་ན། ཏཱ་ལའི་བླ་མས་ཏ་ཝེ་ཊི-བྷོམ་གྱི་འགྲེལ་རྗོད་དེར་གོ་བ་ལེན་ཐུབ་ཀྱི་ཡོད་དམ།

ཁ: བགྲོ་གླེང་འདི་མ་ཚོགས་པའི་ཟླ་བ་ཁ་ཤས་ཀྱི་སྔོན་དུ། ཏ་ཝེ་ཊི-བྷོམ་གྱིས་ཏཱ་ལའི་བླ་མར་དངོས་པོ་དང་། བར་སྣང་དུས་ཀྱི་ཐད་ནས། ལྟོས་གྲུབ་སྨྲ་བ་དང་ཁོམ་ཊོན་ཤུགས་རིག་གིས་གསར་རྙེད་ཅི་ཞིག་བྱས་ཡོད་པ་རྣམས་བཤད་ཡོད།

ཀ: ཏཱ་ལའི་བླ་མས་ཏ་ཝེ་ཊི-བྷོམ་གྱི་འགྲེལ་རྗོད་དེ་ལ་གདེངས་འཇོག་ཇི་ལྟར་བྱས་ཡོད་དམ།

ཁ: ཏཱ་ལའི་བླ་མས་ནང་པའི་གཞུང་གི་ལྟ་ཚུལ་རྣམས་ངོ་སྤྲོད་བྱས་སོང་། ཁོང་གིས་ནང་པའི་གཞུང་དུ་རྡུལ་ཕྲན་ལ་ཕྲ་རགས་ཀྱི་རིགས་གཉིས་ཕྱེས་ཡོད་པར་བརྗོད། རྡུལ་ཕྲན་ཆེས་ཕྲ་ཤོས་དེ་ནི། རྡུལ་ཕྲ་རབ་ཡིན། རྡུལ་ཕྲ་རབ་ནི། རྡུལ་ཕྲན་རྣམས་ཀྱི་རྨང་གཞི་ཡིན། རྡུལ་ཕྲ་རབ་ནི་དུས་ཀུན་དུ་གནས་ཡོད་པ་ཞིག་ཡིན། ཁོང་གིས་ནང་པས་ཚན་རིག་ཞིབ་འཇུག་གི་ཁྲོད་ནས་ཤེས་བྱ་གསར་བ་སྦྱངས་དགོས་པར་གསུངས། སྐབས་དེར། ཏ་ཝེ་ཊི-བྷོམ་གྱིས་ཁོང་ལ་འདི་ལྟར་དྲིས། ཁྱེད་ཀྱིས་དུས་ཀྱི་ཐད་ལ་ལྟ་ཚུལ་ཅི་ཞིག་འཛིན་གྱི་ཡོད་དམ། ཏཱ་ལའི་བླ་མ་ན་རེ། གལ་སྲིད། སྤྱིར་བཏང་གི་དུས་ཚོད་དེ་བཤད་པ་ཡིན་ན། དེ་ནི་རང་རྐྱ་བ་ཞིག་ཏུ་འདོད་ཀྱི་ཡོད། ཡིན་ན་ཡང་། དུས་ཚོད་ལ་ཞིབ་ཚགས་པའི་སྒོ་ནས་བརྟག་ཅིང་དཔྱད་ན། དེ་ནི་འགྲེལ་རྗོད་བྱེད་ཁག་པོ་ཞིག་ཡིན། རྒྱུ་མཚན་ནི། དུས་ཚོད་ནི་རྒྱུ་རྐྱེན་གཞན་ལ་བརྟེན་ཞིང་། རྒྱུ་རྐྱེན་གཞན་ལ་བརྟེན་པའི་དངོས་པོ་ཞིག་ཡིན།

ལྕམ་རེ་ནེ-ཝེ་པེར་གྱིས་འདྲི་རྒྱུར། དེ་ན་འབར་གས་ཆེན་མོ་ནི་ཅི་ཞིག་ཡིན་ནམ། འཇིག་རྟེན་འདི་ཧ་ཅང་ཆུང་བའི་བར་སྣང་དུས་ལས་བྱུང་མགོ་ཚུགས་པ་ཞིག་རེད། འོ་ན། བོད་པའི་གནམ་དཔྱད་རིག་པའི་ཁྲོད་ན་དེ་ལྟ་བུའི་འགྲེལ་བརྗོད་ཡོད་དམ།

ཏཱ་ལའི་བླ་མས་གསུངས་རྒྱུར། ནང་པ་ལྟར་ན། འཇིག་རྟེན་ཆགས་པའི་བསྐལ་བ་ཞིག་དང་། དེ་ནས་མུ་མཐུད་ནས་གནས་པའི་རིམ་པ་ཞིག དེ་ནས་རིམ་གྱིས་འཇིག་པའི་རིམ་པ་ཞིག མཐའ་མར་དུས་ངེས་ཅན་ཞིག་ཏུ་སྟོང་འགྲོ་བའི་རིམ་པ་བཅས་བཤད། ནང་པས་འཇིག་རྟེན་ནི་ཆགས་གནས་འཇིག་སྟོང་གི་རིམ་པ་འདི་རེ་མོས་སུ་འཁོར་བར་བརྟེན་ནས་གྲུབ་པར་འདོད་ཀྱི་ཡོད།

ཀ: ཆགས། གནས། འཇིག སྟོང་བཞིའི་ལྟ་ཚུལ་འདི་ནི། ནང་པའི་འཇིག་རྟེན་ནི་སྐྱེ་འཇིག་གི་ངང་ནས་གྲུབ་པར་འདོད་པའི་ལྟ་བའི་རྨང་གཞི་དེ་ཡིན། ནང་པས་དུས་ནི་འཁོར་གྱི་ཡོད་པ་ལས། དྲང་ཐད་རང་བཞིན་ཞིག་མིན་པར་འདོད། དེར་བརྟེན། ནང་པས་དུས་ཀྱི་ཐོག་མ་མི་གླེང་། ད་དུང་། ནང་པས་སྣང་ཚུལ་གང་ཞིག་ཡིན་ན་ཡང་། དེ་ལ་རྒྱུ་རྐྱེན་ཡོད་པར་མ་ཟད། འགྱུར་བའི་ངང་དུ་ཡོད་པར་ཡང་འདོད། དམིགས་སུ་བཀར་བའི་དངོས་པོ་བྱེ་བྲག་པ་ཞིག་ལ། ཐོག་མ་དང་མཐའ་མ་ཡོད་ཅིང་། དེའི་བྱུང་བ་དང་འཇིག་པ་ལ་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད། ནང་པས་རྒྱུ་རྐྱེན་གྱི་རིགས་མང་པོ་ཞིག་གླེང་གི་ཡོད་ཅིང་། ལས་ཀྱི་མཚན་ཉིད་ནི། རྒྱུ་རྐྱེན་དེ་དག་དང་འབྲེལ་བ་དམ་ཟབ་ཡོད། རྒྱུ་འབྲས་ལ་མ་བརྟེན་པའི་ཆོས་དངོས་གང་ཡང་མེད།

ཏ་ཝེ་ཊི-བྷོམ་གྱིས་བརྗོད་པའི་དེང་གི་དངོས་ཁམས་རིག་པའི་ཁྲོད་ཀྱི“སྟོང་པ”དང་། ཏཱ་ལའི་བླ་མས་བརྗོད་པའི་ནང་པའི་གཞུང་གི“སྟོང་པ”གཉིས་ནི། རྒྱབ་ལྗོངས་མི་འདྲ་བའི་བསམ་གཞིགས་བྱེད་སྟངས་ཤིག་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་དོན་སྤྱི་ཞིག་ཡིན་པ་མངོན་གསལ་ཡིན་ན་ཡང་། ཕྱོགས་གཉིས་ཀས་དེ་ནི་དངོས་པོའི་རང་བཞིན་ལ་གོ་བ་ལེན་པའི་ཆེས་རྨང་གཞིར་གྱུར་བའི་དོན་སྤྱི་ཞིག་ཡིན་པར་འདོད། དོན་སྤྱི་འདི་གཉིས་ལ་ངོ་མཚར་བའི་འདྲ་མཚུངས་ཀྱི་རང་བཞིན་ཞིག་ལྡན། དེ་ནི་ཧ་ཅང་ངོ་མཚར་བ་ཞིག་རེད།

ལྟོས་གྲུབ་སྨྲ་བ་དང་ཁོམ་ཊོན་རྣམ་གཞག་གི་དངོས་ཁམས་སྨྲ་བ་རྣམས་ལ་ཆ་མཚོན་ན། རྣམ་པ་གསར་བའི་བར་སྣང་དུས་ཀྱི་ལྟ་ཚུལ་གྱི་ཐད་ནས། མི་དཀྱིལ་མ་ཞིག་དང་ལྷན་དུ་གླེང་མོལ་བྱེད་པ་ནི་ཧ་ཅང་ཁག་པོ་ཞིག་རེད། ཡིན་ན་ཡང་། ཁོ་ཚོར་གནའ་བོའི་ཤར་ཕྱོགས་ཀྱི་ནང་པའི་གཞུང་དང་འབྲེལ་འདྲིས་བྱེད་པའི་འདུན་པ་ཡོད། ཐེངས་འདིའི་བགྲོ་གླེང་ནི། ཚན་རིག་གི་སྤྱི་སྲོལ་དམ་པའི་བགྲོ་གླེང་གི་སྐབས་ཤིག་མིན་ཞིང་། ཏ་ཝེ་ཊི-བྷོམ་གྱིས་ཏཱ་ལའི་བླ་མས་ངོ་སྤྲོད་བྱས་པའི་ནང་པའི་བར་སྣང་དུས་ཀྱི་ལྟ་ཚུལ་དེ་ལ་བྲོ་བ་ཞིག་རྙེད་ཡོད་ངེས།

ཁ: རེད། ང་ཚོས་ཁོང་རྣམ་གཉིས་ཀྱི་བགྲོ་གླེང་གི་ཟོན་ཐོ་ལས་ཅི་ཞིག་ཤེས་ཀྱི་འདུག་གམ་ཞེ་ན། ཏ་ཝེ་ཊི-བྷོམ་གྱིས་བསམ་པར། རང་བྱུང་ཁམས་ནི་དེ་འདྲའི་ཕྲ་ཞིང་རྙོག་འཛིང་ལྡན་པ། ད་དུང་རྟོགས་མེད་པའི་དངོས་པོ་མང་པོ་ཡོད་པ། དེ་དག་ལ་འགྲེལ་རྗོད་བྱེད་ཐབས་ཀྱང་མེད་པ། སྤྱིར་བཏང་གི་མི་ཞིག་གི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པར་འདོད། ཁོང་གཉིས་ཀྱིས་ད་དུང་ཤེས་པའི་སྐོར་ལ་ཡང་བགྲོ་གླེང་གནང་སོང་། དེ་ཡང་། ཤེས་པ་ནི་ཅི་ཞིག་ཡིན་པ་དང་། ཤེས་པ་ནི་གང་ནས་བྱུང་ངམ། གང་ཞིག་ཏུ་འགྲོ་བཞིན་ཡོད་དམ། གནད་དོན་འདི་དག་གི་ཐད་ལ་བགྲོ་གླེང་གནང་སོང་། ནང་པས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད་སྟབས། ཤེས་པའི་ཐད་ལ། རིག་གནས་གཞན་དང་། དེང་གི་ཚན་རིག་གི་བཤད་ཚུལ་དང་མི་འདྲ་བའི་ལྟ་ཚུལ་ཞིག་ཡོད།

ཀ: ཏ་ཝེ་ཊི-བྷོམ་ལ་ཤེས་པའི་ཐད་ནས་ལྟ་ཚུལ་ཅི་ཞིག་ཡོད་དམ།

ཁ: ཏ་ཝེ་ཊི-བྷོམ་ནི་བསམ་གཞིགས་ཀྱི་ངང་དུ་གནས། ཁོ་རང་གིས་ནང་པའི་ཤེས་པར་བརྟེན་ནས་སྐྱེ་བ་ལེན་པའི་ལྟ་ཚུལ་དེ་དང་། རྒྱུ་འབྲས་ཀྱི་ལྟ་བ་དེ་གཉིས་ཀྱི་ཐད་ལ་བསམ་བློ་གཏོང་གི་འདུག ནང་པའི་གཞུང་གི་རྡུལ་ཕྲ་རབ་ཀྱི་འབྲེལ་བ་དེ་ལ་ཡང་བསམ་བློ་གཏོིང་གི་འདུག དེ་ནི་ནང་པས་འཇིག་རྟེན་གྱི་རང་བཞིན་ངོས་འཛིན་ཚུལ་དང་འབྲེལ་བ་ཡོད།

ནང་པའི་གཞུང་གི་ལས་ཀྱི་དོན་སྤྱི་དང་། ཡང་ན། རྒྱུ་འབྲས་ཀྱི་འབྲེལ་བའི་ཐད་ལ། ཏཱ་ལའི་བླ་མས་གསུང་དོན། ལས་ནི་རྙོག་འཛིང་ལྡན་པའི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འབྱུང་གི་ཡོད། ལས་ཁ་ཤས་ཀྱི་ནུས་སྟོབས་ཆེ་ཞིང་། ལས་ཁ་ཤས་ཀྱི་ནུས་སྟོབས་ཆུང་། མཚམས་རེར། རྒྱུ་རྐྱེན་ཆེན་པོ་ཞིག་ལ་བརྟེན་ནས། འབྲས་བུ་ཅི་འབྱུང་གཏན་འབེབས་བྱེད་ཐུབ། ཡིན་ན་ཡང་། ལས་གཞན་གྱི་མཐུ་ནུས་ལ་བརྟེན་ནས། འབྲས་བུ་གཞན་ཡང་འབྱུང་གི་ཡོད། གལ་ཏེ། ལས་གཞན་གྱི་ནུས་པ་ཧ་ཅང་ཆེན་པོ་ཡིན་པའི་སྐབས་དེར། སྔོན་དུ་གཏན་འབེབས་བྱས་པའི་འབྲས་བུ་དེར་ཡང་འགྱུར་བ་ཐེབས་ཀྱི་ཡོད། དེར་བརྟེན། ནང་པའི་གཞུང་གི་ལས་ཀྱི་རྣམ་གཞག་ནི། འགྱུར་བ་མེད་པ་ཞིག་དང་། སྟེས་དབང་གི་རང་བཞིན་ཞིག་མིན། ལས་ཀྱི་རྣམ་གཞག་དེ་ནི་བྱེད་པ་པོའི་ཀུན་སློང་ལ་རག་ལས། མཐའ་མར། ལས་ནི་མི་རང་ཉིད་སོ་སོའི་ལག་པར་ཡོད་པ་ཞིག་ཡིན།

ཀ: དེ་འདྲའི་བགྲོ་གླེང་ལ་དུས་ཚོད་མང་པོ་དགོས་པ་དང་། བློ་རྩེ་གཅིག་སྒྲིམ་བྱེད་དགོས་པར་མ་ཟད། སེམས་ངལ་ཡང་ཆེན་པོ་ཡོད་ཀྱི་རེད།

ཁ: དེ་ལྟར་ཡིན་པའི་ངེས་པ་ཡང་མི་འདུག ཁོང་རྣམ་གཉིས་ཀྱི་བགྲོ་གླེང་ནི། ཕན་ཚུན་གྱི་ལྟ་ཚུལ་མོས་མཐུན་བྱས་རྗེས། གཞི་ནས་རྗོད་གཞི་རྗེས་མའི་སྟེང་དུ་འགྲོ་བ་དེ་འདྲ་ཞིག་མ་རེད། དེ་ནས། ཏཱ་ལའི་བླ་མར་ཆ་མཚོན་ན། བག་ཕེབས་དང་རྩེ་དགའ་ཅན་ཞིག་ཡིན་ཡིན་པས། ཁོང་ལ་གཟབ་ནན་གྱི་བསམ་གཞིགས་བྱེད་པ་དང་ལྷན་དུ། ཡིད་སེམས་སྒུལ་བའི་བཞད་མོ་བཞད་པའི་ནུས་པ་ཞིག་ཀྱང་ཡོད། དེ་ནི་ཤེས་རིག་ལ་དུངས་པའི་རྣམ་པ་ཞིག་རེད། སློབ་གཉེར་གྱི་རྒྱུད་རིམ་ནི་བདེ་སྐྱིད་འཚོལ་བའི་གོ་རིམ་ཞིག་ཏུ་ལྟ་བཞིན་ཡོད། ཁོང་རྣམ་གཉིས་ཀྱིས་བགྲོ་གླེང་བྱས་རྗེས། འཕྲལ་དུ་སྡོམ་ཚིག་གམ་ཤེས་བྱ་གསར་པ་ཞིག་ལ་རེ་སྙེག་མི་བྱེད་ཅིང་། མི་གཞན་གྱི་ལྟ་ཚུལ་ཤེས་པའི་སྒོ་ནས། དངོས་ཡོད་གནས་ལུགས་ཐད་ཀྱི་རང་ཉིད་ཀྱི་གོ་རྟོགས་གཏིང་ཇེ་ཟབ་དུ་གཏོང་གི་ཡོད།

ཀ: སྟོང་ཉིད་ཀྱི་དོན་སྤྱི་དང་། རྡུལ་ཕྲ་མོ། ཏཱ་ལའི་བླ་མས་གསུངས་པའི་རྡུལ་ཕྲ་རབ་བཅས་ཀྱི་སྐོར་ལ། ཏ་ཝེ་ཊི-བྷོམ་དང་ཏཱ་ལའི་བླ་མ་རྣམ་གཉིས་ལ་གཅིག་མཐུན་གྱི་ལྟ་སྟངས་ཤིག་བྱུང་ཡོད་པ་ང་ཚོས་ཤེས་ཐུབ། ཡིན་ན་ཡང་། ལས་ཀྱི་རྣམ་གཞག་གི་ཕྱོགས་ནས། ནང་པའི་བཤད་ཚུལ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས། ཏ་ཝེ་ཊི-བྷོམ་གྱིས་དེ་ལ་གོ་བ་ལེན་ཐུབ་ཀྱི་ཡོད་དམ།

ཁ: མ་རེད། གཏན་ནས་མ་རེད། ཏ་ཝེ་ཊི-བྷོམ་གྱིས་ལམ་སང་ལས་ཀྱི་རྣམ་གཞག་ནི། རྟེན་འབྲེལ་ལ་འབྲེལ་བ་ཡོད་པ་དང་། ཡང་ན། ལས་ནི་རྟེན་འབྲེལ་གྱི་ཚོགས་པ་ཞིག་ཏུ་གོ་བ་ལེན་ཆོག་པར་འདོད། ནང་པས་བྱ་དངོས་ཐམས་ཅད་རྟེན་ཅིང་འབྲེལ་བའི་སྒོ་ནས་གནས་ཡོད་པ་དང་། མི་བྱེ་བྲག་པ་ཞིག་གི་ཀུན་སློང་དང་སྤྱོད་པས་མི་མང་པོ་ཞིག་ལ་ཤན་ཤུགས་ཐེབས་པ་དང་། མི་མང་པོ་དེས་ཀྱང་མི་བྱེ་བྲག་པ་ཞིག་ལ་ཤན་ཤུགས་ཐེབས་ཤིང་། ལས་དེ་དག་གི་འབྲས་བུ་ནི་མ་འོངས་པའི་དུས་ཚོད་ཅིག་ཏུ་སྨིན་ཡོང་བར་འདོད། འཇིག་རྟེན་ཡང་དེ་འདྲའི་འབྲེལ་བ་ཞིག་གི་སྒོ་ནས་གྲུབ་ཡོད། ཏ་ཝེ་ཊི-བྷོམ་གྱིས་རྗོད་དོན། དེང་གི་དངོས་ཁམས་རིག་པའི་ཁྲོད་དུ་ཡང་། དེ་དང་ཆ་འདྲ་བའི་རྡུལ་ཕྲན་ནི་ཕན་ཚུན་ལ་རྟེན་ཅིང་འབྲེལ་བའི་སྒོ་ནས་གྲུབ་ཡོད་པ་དང་། དེང་གི་དངོས་ཁམས་རིག་པའི་དངོས་པོའི་རང་བཞིན་ཅི་ཡིན་མིན་ཐད་ཀྱི་གོ་རྟོགས་ནི། འཇིག་རྟེན་ནི་རྡུལ་ཕྲན་ཕན་ཚུན་གྱི་འབྲེལ་བར་བརྟེན་ནས་གྲུབ་པར་འདོད་པ་དེ་ཡིན།

ཀ: ནང་ཆོས་དང་བསྡུར་ན། དེང་གི་དངོས་ཁམས་རིག་པར་ལྐོག་གྱུར་མ་ཡིན་པའི་ཆ་མང་། ཏ་ཝེ་ཊི-བྷོམ་གྱིས་དེ་དག་ཇི་ལྟར་འགྲེལ་རྗོད་བྱས་སོང་ངམ།

ཁ: ཏ་ཝེ་ཊི-བྷོམ་གྱིས་དེང་གི་ཚན་རིག་གི་གྲུབ་འབྲས་རྣམས་ངོ་སྤྲོད་བྱེད་པ་དང་སྦྲགས། དངོས་ཁམས་རིག་པས་རྟོགས་ཐུབ་ཀྱི་མེད་པའི་གནད་དོན་རྣམས་ཀྱང་བརྗོད། ཚན་རིག་གི་ཡར་རྒྱས་གླེང་ཞོར་དུ། སྦ་གསང་མེད་པར་མིག་སྔར་གྱི་ཚན་རིག་ཁ་ཕྱོགས་གང་ཞིག་ཏུ་འགྲོ་ཐུབ་མིན་གྱི་སྐོར་ཡང་བརྗོད། ད་དུང་། ཁོ་རང་གིས་ཚན་རིག་གི་ཚད་བཀག་རང་བཞིན་དང་དཀའ་རྙོག་རྣམས་ཀྱང་བརྗོད་སོང་། སྤྱིར། ཚན་རིག་ཞིབ་འཇུག་གི་ཆེད་ལས་པའི་ཁྲོད་དུ། ཤེས་ཟིན་པའི་ཚན་རིག་གི་ཁྱབ་ཁུངས་དང་། མ་ཤེས་པའི་ཚན་རིག་གི་ཁྱབ་ཁུངས། ཞེས་རིགས་མ་འདྲ་བ་གཉིས་ཡོད། སྔ་མ་ཡིས་ཐུན་མོང་གིས་ངོས་ལེན་ཐོབ་པའི་གྲུབ་འབྲས་དེ་གཙིགས་ཆེན་དུ་བཟུང་སྟེ། ཚན་རིག་གི་སྡོམ་ཚིག་ཁོ་ན་གླེང་། ཡིན་ན་ཡང་། འགྲེལ་བཤད་རྒྱག་མི་ཐུབ་པའི་སྣང་ཚུལ་ལ་གཡོལ་བ་དང་། ཚན་རིག་གི་འགྲེལ་མི་ཐུབ་པའི་གནད་དོན་རྣམས་ཀྱི་ཐད་ལ་བསམ་བློ་མི་གཏོང་། ཡང་ན། མ་འོངས་པར་སེལ་དགོས་པའི་གནད་དོན་ཞིག་གི་ཚུལ་དུ་འཇོག ཕྱི་མ་ཡིས་ཚན་རིག་གིས་འགྲེལ་དཀའ་བའི་སྣང་ཚུལ་རྣམས་ལ་དོ་སྣང་ཆེན་པོར་བྱེད་པ་དང་། ཚན་རིག་གིས་སེལ་མི་ཐུབ་པའི་གནད་དོན་རྣམས་ཁོལ་དུ་བྱུང་སྟེ། ད་ལྟའི་བར་དུ་ང་ཚོས་ད་དུང་དེའི་ལན་ཤེས་ཀྱི་མི་འདུག་ཅེས་བཤད་ཀྱི་ཡོད། ཡིན་ན་ཡང་། མུ་མཐུད་ནས་གནད་དོན་དེའི་ཐད་ལ་བསམ་བློ་འདྲ་མིན་གཏོང་གི་ཡོད། དངོས་ཁམས་སྨྲ་བ་ཏ་ཝེ་ཊི-བྷོམ་གྱིས་ཀྱང་དེ་ལྟར་བསམ་བློ་གཏོང་བ་ནི་ཧ་ཅང་གལ་ཆེན་ཡིན་པར་འདོད།

ཀ: ཐེངས་འདིའི་བགྲོ་གླེང་དུ་དེ་འདྲའི་དཔེ་མཚོན་འདུག་གམ།

ཁ: འདུག ཏ་ཝེ་ཊི-བྷོམ་གྱིས་དེང་གི་དངོས་ཁམས་རིག་པའི་གཅིག་གྱུར་བའི་གནས་སྨྲ་བ(unified field theory )འི་སྐོར་ངོ་སྤྲོད་བྱས། དེ་ནི་ཨན་སི་ཐན་གྱི་ཚེ་སྨད་ཀྱི་ལས་ཀ་གལ་ཆེན་ཞིག་ཡིན། དངོས་ཁམས་རིག་པའི་ཤེས་ཟིན་པའི་གནས་བཞི་ནི། གློག་ཁབ་ལེན་གྱི་གནས། ཉིང་རྡུལ་ཁྲོད་ཀྱི་ནུས་ཤུགས་ཆེན་པོའི་གནས་དང་། ཉིང་རྡུལ་ཁྲོད་ཀྱི་ནུས་ཤུགས་ཆུང་བའི་གནས། འཐེན་ཤུགས་ཀྱི་གནས་བཅས་ཡིན། གནས་དེ་དག་གཅིག་གྱུར་བྱས་པ་ཡིན་ཞིང་། ཡང་ན། དེ་ལ་གནས་གཅིག་གི་རྣམ་པ་མི་འདྲ་བ་བཞི་ཡང་ཟེར། ཁོ་ཚོས་ཅི་ཞིག་འདོད་ཀྱི་ཡོད་དམ་ཞེ་ན། གནས་དེ་བཞི་ནི་མ་གཞི་ནས་གཅིག་ཡིན་ཞིང་། དུས་ཚོད་ངེས་ཅན་ཞིག་ཏུ་ཕན་ཚུན་དོ་མ་མཉམ་པའི་གནས་སྟངས་ཀྱི་འོག་ནས། གནས་བཞིར་གྱེས་པར་འདོད། ད་དུང་ལྟ་ཚུལ་གཅིག་ནི། འཇིག་རྟེན་ནི་དུས་ངེས་ཅན་ཞིག་ཏུ་བྱུང་བ་དང་། ད་ལྟ་ཡིན་ན་ཡང་། མུ་མཐུད་ནས་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་དང་། རྗེས་སུ་ཇེ་ཆུང་དུ་གྱུར་ཏེ། མཇུག་མཐར་ཡལ་ཞིང་སྟོང་འགྲོ་བར་འདོད། དེ་ནས། ཡོད་ཚད་བསྐྱར་དུ་འགོ་ཚུགས་ཀྱི་ཡོད། ཡིན་ན་ཡང་། གནད་དོན་ཞིག་ཡོད་པ་ནི། དུས་བྱུང་མ་ཐག་ཅི་ཞིག་འབྱུང་གི་ཡོད་དམ། དངོས་ཁམས་རིག་པ་སྨྲ་བ་ཁ་ཤས་ཀྱིས་འདི་ལྟར་བཤད་དེ། འཇིག་རྟེན་བཀོད་པ་པོས་འདི་ཡོད་ཚད་བསྐྲུན་པ་ཡིན། ཏ་ཝེ་ཊི-བྷོམ་གྱིས། དངོས་ཁམས་རིག་པ་མཚམས་འདི་ནས་མི་སྡོད་རང་སྡོད་རེད། དྲི་བ་དེ་ནི་ཚན་རིག་པས་ལན་འདེབས་ཐབས་མེད་པ་ཞིག་རེད། ཅེས་བརྗོད།

ཀ: ཏཱ་ལའི་བླ་མས་དེ་དང་གཅིག་མཚུངས་ཀྱི་དྲི་བ་བཏོན་སོང་ངམ།

ཁ: ཏཱ་ལའི་བླ་མས་ཀྱང་ལན་རྒྱག་མི་ཐུབ་པའི་དྲི་བ་ཁ་ཤས་བཏོན་སོང་། ཁོང་གིས་རྡོ་དང་མེ་ཏོག སེམས་ལྡན་སྲོག་ཆགས་བཅས་དངོས་པོ་རིགས་གསུམ་གླེང་སྟེ། དངོས་པ་ཕྲ་མོའི་སྟེང་ནས། དངོས་པོ་དེ་གསུམ་ཆ་རྡུལ་ཕྲན་གྱིས་གྲུབ་པ་ཞིག་རེད། ཡིན་ན་ཡང་། མེ་ཏོག་ལྟ་བུའི་དངོས་ལ་ལ་ནི་དུས་ནམ་ཞིག་ཏུ་ཚེ་སྲོག་ལྡན་པ་དང་། ཡང་དངོས་པོ་རྣམས་གནས་ཚུལ་ཇི་འདྲ་ཞིག་གི་འོག་ནས། ཤེས་པ་དང་ལྡན་པར་འགྱུར་གྱི་ཡོད། གལ་སྲིད། རྡོ་ནས་མེ་ཏོག་དང་། མེ་ཏོག་ནས་སེམས་ལྡན་སྲོག་ཆགས་ལ་འགྱུར་གྱི་ཡོད་ན། འགྱུར་དགོས་པའི་རྐྱེན་ཅི་ཞིག་ཡིན་ནམ།

ཀ: ང་ཚོས་སྔོན་ཆད་སློབ་ཆེན་ནས་སྦྱངས་པའི་དངོས་གཙོའི་ལྟ་གྲུབ་ཀྱིས་འདིའི་ཐད་ལ་འདི་ལྟར་འགྲེལ་རྗོད་བྱེད་ཀྱི་ཡོད། དེ་དག་ཐམས་ཅད་དངོས་པོའི་འགུལ་སྐྱོད་ཀྱི་རྣམ་པ་ཞིག་ཡིན་པ་དང་། འཇིག་རྟེན་ནི་དངོས་པོ་ཡིན། དངོས་པོ་ནི་འགུལ་སྐྱོད་བྱེད། དངོས་པོའི་འགུལ་སྐྱོད་ཀྱི་རྣམ་པ་ནི། དམའ་རིམ་ནས་མཐོ་རིམ་དུ་འགྲོ་བཞིན་ཡོད། ཆེས་དམའ་བའི་རིམ་པ་ནི། འཕྲུལ་ཆས་རང་བཞིན་གྱི་འགུལ་སྐྱོད་ཡིན། དེ་ནས་རིམ་གྱིས་དངོས་ལུགས་འགུལ་སྐྱོད་དུ་འཕེལ་འགྲོ་བ་དང་། དེ་ནས་རྫས་འགྱུར་འགུལ་སྐྱོད་དུ་འཕེལ་ཞིང་། དེ་ནས་རིམ་གྱིས་ཚེ་སྲོག་གྲུབ་སྟེ། སྐྱེ་དངོས་འགུལ་སྐྱོད་གྲུབ་ཀྱི་ཡོད། མཇུག་མཐར་མི་གྲུབ་ཀྱི་ཡོད། ཡང་ན། ཆེས་མཐོ་རིམ་གྱི་སྤྱི་ཚོགས་འགུལ་སྐྱོད་འབྱུང་གི་ཡོད།

ཁ: འོན་ཀྱང་། ལན་འདི་གོང་གི་དྲི་བ་དེའི་རྒྱུ་མཚན་དུ་འགྲོ་ཐུབ་ཀྱི་མེད། སྟབས་བདེ་བའི་བཤད་སྟངས་འདིས་ཡོད་ཚད་ལ་ཕལ་ཆེར་འགྲེལ་རྗོད་བྱེད་ཐུབ་པ་དང་འདྲ་མོད། དོན་དངོས་སུ། ང་ཚོས་ཤེས་མེད་པའི་དྲི་བ་དེ་སེལ་ཐུབ་མེད། ཏཱ་ལའི་བླ་མས་གསུངས་དོན། ཤེས་པའི་ཐད་ལ་གོ་རྟོགས་ཡག་པོ་ཞིག་མེད་ན། དངོས་པོའི་ཐད་ལ་གོ་རྟོགས་ཡག་པོ་ཞིག་མི་འབྱུང་། ཁྱོད་ཀྱིས་དེང་གི་དངོས་ཁམས་རིག་པས་དངོས་པོར་ཇི་ལྟར་འགྲེལ་རྗོད་བྱེད་ཀྱི་ཡོད་པ་དེ་ཤེས་ཤིང་། དེས་ཤེས་པའི་སྐོར་ལ་འགྲེལ་རྗོད་བྱེད་པར་གྲོགས་བྱེད་སྲིད། ཡིན་ན་ཡང་། ནང་པས་འཇིག་རྟེན་ལ་རིགས་གཉིས་ཡོད་པར་འདོད། རིགས་གཅིག་ནི་དངོས་པོ་དང་། རིགས་གཅིག་ནི་ཤེས་པ་ཡིན། ཚད་གཞི་ངེས་ཅན་ཞིག་ནས། ཤེས་པ་ནི་དངོས་པོར་བརྟེན་ཡོད་པ་མངོན་གསལ་ཡིན་ན་ཡང་། དངོས་པོའི་འགྱུར་ལྡོག་ཀྱང་ཤེས་པར་བརྟེན་དགོས།

ཀ: ཤེས་པའི་སྐོར་ལ་བགྲོ་གླེང་དང་ཞིབ་འཇུག་བྱེད་པ་དེ་ནི། ཚན་རིག་གི་ཁྱབ་ཁུངས་ལས་བརྒལ་བཞིན་ཡོད་དམ།

ཁ: སྤྱིར་བཏང་གི་ཚན་རིག་པ་ཚོར་ཆ་མཚོན་ན། རེད། དེ་ནི་ཚན་རིག་གི་ཁྱབ་ཁུངས་ལས་བརྒལ་བཞིན་ཡོད། དངོས་ཁམས་རིག་པས་ཤེས་པའི་སྐོར་ལ་ཞིབ་འཇུག་མི་བྱེད། ཡིན་ན་ཡང་། ཏ་ཝེ་ཊི-བྷོམ་ལ་ཆ་མཚོན་ན། དེ་ནི་ཁོ་རང་ཏཱ་ལའི་བླ་མ་དང་ལྷན་དུ་བགྲོ་གླེང་བྱེད་དགོས་པའི་རྒྱུ་མཚན་དེ་ཡིན། མཇུག་མཐར། ཤེས་པ་དང་དངོས་པོ་གཉིས་ནི། དངོས་ཡོད་རང་བཞིན་ལ་གོ་བ་ལེན་སའི་ཡུལ་ཞིག་ཡིན་པ་ཁོ་རྣམ་གཉིས་མོས་མཐུན་བྱུང་། ད་ལྟ་ཡིན་ན། དངོས་ཁམས་རིག་པ་དང་། དབང་རྩའི་ཚན་རིག་ཅེས་སྡེ་ཚན་ཁ་ཁར་ཕྱེས་ཏེ། སོ་སོ་ཕྱོགས་ནས་ཞིབ་འཇུག་བྱེད་ཀྱི་ཡོད། ཡིན་ན་ཡང་། ཤེས་པ་དང་དངོས་པོ་གཉིས་ནི་གོང་བུ་གཅིག་ཏུ་ཡོད་པ་ཞིག་རེད།

ཏཱ་ལའི་བླ་མས་ཕྱིས་སུ་ཕྱིར་དྲན་བྱེད་ཞོར་འདི་ལྟར་གསུངས་སོང་། ཁོ་རང་དང་ཏ་ཝེ་ཊི-བྷོམ་གཉིས་བགྲོ་གླེང་བྱས་པ་བརྒྱུད་ནས། ནང་པའི་གཞུང་དུ་དངོས་ཡོད་ཀྱི་རང་བཞིན་རྟོགས་ཐབས་ཀྱི་རིན་ཐང་ལྡན་པའི་བསམ་བློའི་འགྲོ་སྟངས་ཤིག་ཡོད་པའི་ཡིད་ཆེས་བརྟན་པོ་རྙེད་པར་མ་ཟད། དེ་ནི་དེང་གི་ཚན་རིག་པའི་བྱེད་ཐབས་དང་འདྲ་ཞིང་། ནང་པའི་གཞུང་གི་ཤེས་བྱ་དང་ཐབས་ཀྱི་ཆ་རྣམས་ནི་དུས་ཚོད་ལས་ཡོལ་བ་ཞིག་མིན་པའི་ངེས་ཤེས་ཀྱང་སྐྱེས་བྱུང་།

སྒྱུར་བ་པོའི་གསལ་བཤད།

ཨ་རིར་གནས་སྡོད་ལི་ཅང་ལིན་དང་ཏིན་ཡི་ཧྥུ་གཉིས་ནི་རྒྱ་རིགས་དམངས་གཙོ་དོན་ཉེར་བ་དང་རྩོམ་པ་པོ། བོད་དོན་ཉམས་ཞིབ་པ་བཅས་ཡིན་ལ། ལི་ཅང་ལིན་གྱིས་ ༢༠༠༤ ལོ་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཤིང་། རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་ཏེ་བཙན་བྱོལ་བོད་མིར་ཞིབ་འཇུག་དང་བཅར་འདྲི་བྱས་ཏེ། ༢༠༡༠ ལོར་<< ༡༩༥༩ལྷ་ས།>> ཞེས་པའི་དཔེ་དེབ་དཔར་འགྲེམ་ཞུས་ཡོད། ཏིན་ཡི་ཧྥུ་ཡིས་ཀྱང་བོད་དོན་སྐོར་གྱི་རྩོམ་ཡིག་དང་གཏམ་བཤད་མང་པོ་སྤེལ་ཡོད།།

དུམ་ཚན་རྗེས་མ། ༼     བསམ་གཞིག་གི་ཚོད་ལྟ་དང་། ཚན་རིག་གི་ཐབས་ལམ།   ༽

ཚན་པ་གསུམ་པ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༣)

ཚན་པ་གཉིས་པ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༢)

ཚན་པ་དང་པོ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༡)

མ་རྩོམ་གྱི་འབྲེལ་ཐག http://www.chinesepen.org/blog/archives/69031

བསྐྱར་བཅོས།: ༢༠༡༧/༠༧/༡༩

Leave a Reply