དམར་ཤོག་ཚོགས་པའི་མཐོ་རིམ་མགོ་ཁྲིད་ཁྲོད་བུད་མེད་མེད་དོན་ཅི་ཡིན།

ཊ་ཊི་ལཱོ་ཝ་རྗུ་ལེ་ (Tatlowjuly) ཡིས་ནེའུ་ཡོག་དུས་བབ་སྟེང་སྤེལ།
པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

རྒྱ་ནག་གིས་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་ཁྲིད་གསར་བ་བསྐོ་བཞག་བྱ་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་ནའང་བུད་མེད་ཚོ་ད་དུང་བཀག་རྒྱ་ཆེན་པོ་ཐེབས་ཡོད་པ་རེད།

ད་ལོའི་སྟོན་ཁར་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་འདུ་འཛོམས་བྱས་ཏེ། ལོ་ངོ་བརྒྱད་བཅུ་ཟིན་ལ་ཉེ་བའི་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོ་འཕོ་འགྱུར་གཏོང་བའི་ཚོགས་ཆེན་ཐོག་ད་ལྟ་ནས་མགོ་ཁྲིད་གསར་བ་སུ་ཞིག་བསྐོ་རྒྱུའི་ཐད་ལྟ་ཞིབ་ནན་མོ་བྱེད་བཞིན་ཡོད་ཀྱང་། ཐེངས་འདིར་དམར་ཤོག་ཚོགས་པའི་མགོ་ཁྲིད་ཁྲོད་བུད་མེད་རེ་གཉིས་ལས་འཐོན་མི་སྲིད་པ་ནི་མངོན་གསལ་རེད།

གནད་དོན་འདི་ཐེངས་འདིར་གསར་དུ་འབྱུང་སྲིད་པ་ཞིག་མ་ཡིན་པར། ༡༩༤༩ ལོར་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་དབང་བཟུང་བ་ནས། ཞི་ཅིན་ཕིན་གྱི་མགོ་ཁྲིད་འོག་གི་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་བདུན་གྱི་གྲས་སུ་བུད་མེད་གཅིག་མ་གཏོགས་མེད་ལ། རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ ༢༥ ཡི་གྲས་སུའང་བུད་མེད་གཉིས་མ་གཏོགས་མེད། དེ་ནི་རིག་གནས་གསར་བརྗེའི་རྗེས་ཀྱི་བུད་མེད་མཐོ་རིམ་མགོ་ཁྲིད་གྲངས་ཀ་མང་ཤོས་དེ་ཆགས་ཡོད། ཡིན་ནའང་ ༡༩༦༩ ལོར་རྒྱ་ནག་གི་མགོ་ཁྲིད་མའོ་ཙེ་ཏུང་དང་ལིན་པའོ་གཙོས་པའི་དཔོན་རིགས་ཁག་ཅིག་གི་བཟའ་ཟླ་དབུས་དམར་ཤོག་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་རྐུབ་སྟེགས་སྤྲད་ཡོད།

རྒྱ་ནག་གི་བཅའ་ཁྲིམས་ནང་ཕོ་མོ་འདྲ་མཉམ་ཡིན་ལུགས་འཁོད་ཡོད་ཀྱང་། ད་ལྟ་ད་དུང་རྒྱ་ནག་ནང་ཕོ་མོ་དབྱེ་འབྱེད་ཤུགས་ཆེན་པོ་ཡོད། སློབ་གསོ་བ་དང་བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱལ་ཁབ་དང་ཁྱིམ་ཚང་གི་བུད་མེད་སྤྱིའི་གནས་བབ་ལ་རྒྱུས་ལོན་ཕྱོགས་བསྡོམས་བྱས་ཏེ། བུད་མེད་དབང་ཆ་ཅན་ནི་ “ནམ་ལངས་ཁར་བྱ་སྐད་གྲགས་པ” དང་འདྲ་བོ་རེད་ཟེར།

རྒྱ་ནག་གི་དེ་སྔའི་བུད་མེད་མཐོ་རིམ་མགོ་ཁྲིད་མང་པོ་ཞིག་རྒན་ཡོལ་ཞུས་ཟིན་ཡོད། དེ་ནི་རྒྱ་ནག་གི་བུད་མེད་མགོ་ཁྲིད་ཚོ་ནི་སྐྱེས་པ་མགོ་ཁྲིད་ཚོ་ལས་ལོ་ ༡༠ སྔོན་ལ་རྒན་ཡོལ་ཞུ་དགོས་པ་དང་། ཚོད་དཔག་བྱས་པ་ལྟར་ན། རྒྱ་ནག་གི་བུད་མེད་ཚོའི་མ་མཐའི་ལས་འགན་གཙོ་བོ་དེ་ནི། ལོ་ལོན་རྒན་རྒོན་དང་ཚ་བོ་ཚ་མོར་ལྟ་སྐྱོང་བྱེད་རྒྱུ་དེ་ཡིན་སྟབས། རྒྱ་ནག་གི་བུད་མེད་ཚོར་རྒྱལ་ཁབ་ཀྱི་མཐོ་རིམ་གོ་གནས་རྩོད་ལེན་བྱེད་པའི་དབང་ཆ་མེད།

པེ་ཅིན་གཞུང་གི་ཆབ་སྲིད་ཚ་དྲོད་ཇེ་ཆེར་ཕྱིན་པ་དང་བསྟུན་ཏེ། གོ་ཅིན་མེ་ (郭建梅) གཙོས་པའི་ཁྲིམས་རྩོད་པ་དང་བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་ཚོས་ཞུ་ཡིག་ཕུལ་ཏེ། དམར་ཤོག་ཚོགས་པའི་ནང་བུད་མེད་ལས་ཞུགས་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ཁོ་མོ་ཚོས་ཞུ་ཡིག་དེ་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོའི་ལག་པར་བཀྲམས་ཏེ། དམར་ཤོག་ཚོགས་པའི་ཚོགས་ཆེན་མ་ཚོགས་སྔོན་ལ་བུད་མེད་ཀྱི་གནས་བབ་ལ་འགན་འཁུར་དང་ཚོར་བ་ལྡན་པའི་ཐོག་ནས་གོ་བསྡུར་གནང་དགོས་པའི་རེ་འདུན་ཞུས་ཡོད་སྐོར་ད་ལྟ་རང་ལོ་ ༥༧ ཡིན་པའི་ལྕམ་གོ་ལགས་ཀྱིས་བཅར་འདྲིའི་ལན་དུ་བརྗོད་འདུག

ལྕམ་གོ་ལགས་ཀྱིས་བརྗོད་པ་ལྟར་ན། བུད་མེད་ཀྱི་ཐོབ་ཐང་རྩོད་རྙོག་དེ་ཧ་ཅང་རྣོ་ངར་ཅན་ཞིག་ཆགས་པའི་རྒྱུ་མཚན་གཙོ་བོ་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཐུག་ཡོད་འདུག པེ་ཅིན་ནང་རྟེན་གཞི་བྱེད་པའི་ཆིན་ཆིན་ཁྲིམས་ཞིབ་ཁང་ (QLF) གི་ཁྲིམས་རྩོད་པ་དང་བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་ལྕམ་གོ་ལགས་ཀྱིས། “སྤྱི་ཚོགས་ལས་རིགས་ཁག་གི་ཚོགས་མི་རྣམ་པ་དང་དམར་ཤོག་ཚོགས་པའི་བར་འདི་ལྟར་རྩོད་གླེང་རྒྱུན་པར་འབྱུང་བཞིན་ཡོད” ཅེས་ཟེར།

ལྕམ་གོ་ལགས་དང་བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་གཞན་དག་གིས། དེ་སྔོན་ཐེངས་གཉིས་ལ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུ་ཡིག་ཕུལ་ཡོད་ནའང་ཐེངས་འདིར་ཁོ་མོ་ཚོས་རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལ་ཞུ་ཡིག་ཕུལ་བ་དང་པོ་ཡིན་འདུག

ཁོ་མོའི་ཞུ་ཡིག་དེར་རེ་འབྲས་མེད་སྲིད་མོད། གང་ལྟར། ཁོ་ཚོས་གནད་དོན་དེའི་ཐད་གླེང་སློང་ཡོང་བར་རེ་བ་བྱེད་ཀྱིན་འདུག ལྕམ་གོ་ལགས་ཀྱིས་དབུགས་རིང་འབྱིན་བཞིན་བརྗོད་དོན་ “མ་མཐར་གླེང་སློང་བྱེད་དགོས་པ་རེད” ཅེས་ཟེར།

སྤྱིར་རྒྱ་ནག་དམར་ཤོག་ཚོགས་པས་མངོན་གསལ་དོད་པོས་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱས་ཡོད་པ་རེད། ༢༠༡༥ ལོར་ཨ་རིའི་ནེའུ་ཡོག་གི་རྒྱལ་ཚོགས་བུད་མེད་ལས་དོན་ཚན་པར། སྐུ་ཞབས་ཞི་ཅིན་ཕིན་གྱིས། རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཚན་པའི་ཕོ་མོ་འདྲ་མཉམ་ལས་དོན་ཐད་ལ་ཨ་སྒོར་ས་ཡ་ ༡༠ ཡི་ཞལ་འདེབས་སྤྲོད་རྒྱུ་ཡིན་ཚུལ་གསལ་བསྒྲགས་བྱས་ཡོད། འོན་ཀྱང་། རྒྱ་ནག་གི་སྲིད་དབང་སྐྱེས་པ་ཚོས་བཟུང་ཡོད། རང་ལོ་ ༦༤ ཡིན་པའི་སྐུ་ཞབས་ཞི་ཅིན་ཕིན་གྱིས་ཐེངས་རྗེས་མར་སྲིད་དབང་མུ་མཐུད་དུ་འཛིན་རྒྱུར་རེ་ལྟོས་བྱས་ཡོད།

ཆིན་ཧྭ་སློབ་ཆེན་གྱི་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ཚན་པའི་ (JL. TCC) འགན་འཛིན་ཁྲིན་ལེ་ (李成) ཡིས། ཉེ་ཆར་དཔྱད་རྩོམ་ཞིག་སྤེལ་བའི་ནང་། “བུད་མེད་ཅིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་འོངས་དབུ་ཁྲིད་ཆགས་ཚེ། དེ་ནི་ཧ་ཅང་ཡ་མཚན་དགོས་པ་ཞིག་རེད” ཅེས་འཁོད་ཡོད།

དོན་དངོས་སུ། ཉེ་བའི་ལོ་ངོ་འདི་དག་རིང་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་མགོ་ཁྲིད་ཁྲོད་བུད་མེད་ཉུང་དུ་འགྲོ་བཞིན་ཡོད། ༢༠༡༢ ལོར་དམར་ཤོག་ཚོགས་པའི་ཚོགས་ཆེན་སྔོན་ལ་རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་བུད་མེད་བརྒྱ་ཆ་ ༦.༤ ཡོད་པ་ད་ལྟ་བརྒྱ་ཆ་ ༤.༩ ལ་མར་ཆགས་ཡོད། གནད་དོན་དེས་རྒྱ་ནག་ནི་འཛམ་སྟེང་སྒང་གི་བུད་མེད་མཐོ་རིམ་མགོ་ཁྲིད་ཉུང་ཤོས་ཆགས་ཡོད་པ་བསྟན་ཡོད། རྒྱལ་ཚོགས་ཀྱི་བུད་མེད་ཚན་པའི་གནས་ཚུལ་ལྟར་ན། ལོ་ངོ་བཅུའི་སྔོན་དང་བསྡུར་ན། ད་ལྟ་འཛམ་གླིང་སྟེང་བུད་མེད་དབུ་ཁྲིད་གྲངས་འབོར་ལྡབ་གཉིས་འཕར་ཡོད་ཀྱང་། སྐྱེས་པའི་དབུ་ཁྲིད་གྲངས་འབོར་དང་བསྡུར་ན་ད་དུང་བུད་མེད་ཀྱིས་གནས་རིམ་ ༡༧ གྱི་འོག་ཏུ་ལྷག་ཡོད།

རྒྱ་ནག་ནི་ཁྱིམ་མཚེས་རྒྱ་སྐད་སྤྱོད་མཁན་རྒྱལ་ཁབ་དག་དང་བསྡུར་ནའང་བུད་མེད་དབུ་ཁྲིད་ཀྱི་གྲངས་འབོར་ཉུང་ཤོས་ཆགས་ཡོད། རྒྱ་ནག་གིས་རང་གི་མངའ་ཁོངས་ཡིན་ལུགས་གླེང་བཞིན་པའི་ཐའེ་ཝན་རང་སྲིད་རང་སྐྱོང་མཚོ་འགག་གིས་ན་ནིང་ལྕམ་ཚའེ་ཡིན་ཝན་ལགས་སྲིད་འཛིན་དུ་བདམས་ཡོད་ལ། ཧོང་ཀོང་གིས་ལྕམ་ཁཱ་རེ་ལཱམ་སྤྱི་ཁྱབ་ཏུ་བདམས་ཏེ་བདུན་ཕྲག་སྔོན་པར་དམ་འབུལ་ཞུས་ཡོད།

བཅར་འདྲི་ཞིག་གི་ཐོག་སྐུ་ཞབས་ཁྲན་ལེ་ཡིས་ “གལ་ཏེ་དམར་ཤོག་ཚོགས་པ་གསོན་གནས་དང་མདུན་སྐྱོད་བྱེད་འདོད་ཚེ། ཁོ་ཚོས་སྔར་ལས་ལྷག་པའི་སྲིད་དབང་གཅིག་བསྡུད་བྱེད་དགོས” ཟེར། ཁོའི་རེ་འདུན་དེས་མཐར་ཐུག་དོན་དག་དེ་འབྱུང་སྲིད་པར་བསྟན་ཡོད། དེ་ནི་ཁྲན་ལེ་ཡིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙི་མེན་གྱི་ཆབ་སྲིད་རྨང་གཞི་རྒྱ་སྐྱེད་དགོས་པར་མཐོང་གི་ཡོད་པ་དང་། ༡༩༩༠ ནང་སྲིད་འཛིན་ཅང་ཙི་མེན་གྱིས་རྒྱ་ནག་གི་ཁེ་ལས་པ་ཚང་མར་སྟངས་འཛིན་བྱས་ཡོད་པ་རེད།

ཁོས་ད་དུང་འདི་ལོའི་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གྲས་སུ་བུད་མེད་ཅིག་བསྐོ་བཞག་བྱེད་སྲིད་སྐོར་ཡང་བཤད་ཡོད། སྐུ་ཞབས་ཁྲིན་ལེ་ཡིས། “གཅིག་བྱས་ན། རྒྱུན་ལས་བུད་མེད་བསྐོ་བཞག་བྱེད་པར་གོ་སྐབས་བརྒྱ་ཆ་ ༥ ཙམ་ཡོད་སྲིད”ཟེར། ཁྲིན་ལེ་ཡིས་རེ་བ་བྱེད་སའི་བུད་མེད་དེ་ནི་སུན་ཁྲུན་ལན་ (Sun Chunlan) ཡིན་པ་དང་། ཁོ་མོ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་དོན་ལྷན་ཁང་གི་འགན་འཛིན་དང་རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཟུར་བ་ཡིན་ཞིང་ད་ལྟ་རང་ལོ་ ༦༧ ཡིན་འདུག

དམར་ཤོག་ཚོགས་པའི་མགོ་ཁྲིད་སྐྱེས་པ་མང་ཆེ་བའི་རྒན་ཡོལ་ལོ་ཚད་ ༦༠ ལ་གཏན་འབེབས་བྱས་ཡོད་ཀྱང་། གཏན་འབེབས་དེའི་དགོངས་དོན་སྣང་མེད་དུ་བཞག་སྟེ། གཞུང་འབྲེལ་མ་ཡིན་པའི་གྲོས་ཆོད་ཀྱི་ལམ་ནས་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་ཁྲིད་སྐྱེས་པ་ཚོ་རང་ལོ་ ༦༧ ཙམ་བར་རྒན་ཡོལ་ཞུ་ཡི་མེད། དམར་ཤོག་ཚོགས་པའི་བུད་མེད་མགོ་ཁྲིད་ཚོའི་རྒན་ཡོལ་ལོ་ཚད་ ༥༥ ཡིན་ཞིང་། ཁོ་མོ་ཚོའང་སྤྱིར་བཏིང་གི་བུད་མེད་དཔོན་རིགས་ཙམ་མ་ཡིན་པར་དམག་དོན་སྲི་ཞུ་དང་རྒྱལ་ཁབ་ཀྱི་ཁེ་ལས་སྲི་ཞུ་བ་དག་ཡིན་པ་ལས། དེ་མིན་གྱི་བུད་མེད་མགོ་ཁྲིད་བྱིངས་རྣམས་ལོ་ ༥༠ ཐོག་རྒན་ཡོལ་ཞུ་དགོས་ཀྱི་ཡོད།

ཁྲིན་ལེ་ཡིས་ད་དུང་། རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་བུད་མེད་གཞན་ཞིག་ནི། ལུའུ་ཡན་ཏོང་ (刘延东) ཡིན་ཞིང་། ཁོ་མོ་ད་ལྟ་རང་ལོ་ ༧༡ ཡིན་པ་དང་། ད་ལོའི་སྟོན་ཁར་རྒན་ཡོལ་ཞུ་འཆར་ཡོད་སྐོར་བརྗོད་སོང་།

<<སླར་ཡང་རྒྱ་ནག་ནང་ཕོ་མོ་འདྲ་མཉམ་མེད་པའི་གནད་དོན་འོག བུད་མེད་ནི་ཟས་ལྷག་ཏུ་གྱུར་ཡོད>><<“Leftover Women: The Resurgence of Gender Inequality in China >> ཅེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཧོང་ལེ་ཏ་ (洪理达) ཡིས་གློག་འཕྲིན་ཞིག་གི་ནང་། “རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གྲས་སུ་བུད་མེད་ཅིག་བསྐོ་བཞག་བྱས་ཚེ་ང་ཧང་སང་ངེས།” ཞེས་དང་། “ཡིད་སྐྱོ་བ་ཞིག་ལ་སྲིད་གཞུང་གིས་བུད་མེད་ཀྱི་ཆབ་སྲིད་གོ་གནས་མཐོར་འདེགས་གཏོང་བར་དོ་སྣང་ཙམ་ཡང་བྱེད་ཀྱི་མེད་པར་མཐོང་གི་འདུག དངོས་གནས་བྱས་ན་རྒྱ་ནག་གིས་རྒྱལ་སྤྱིར་དབུ་འཁྲིད་ཐབས་སུ་རྒྱ་ནག་ནང་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་དགོས་པ་རེད” ཅེས་ཟེར།

གཞན། ནན་ཅིན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཉུ་ཐེན་ཞུའུ་ (Niu Tianxiu) ཡིས་བཤད་རྒྱུར། “ཏང་གི་མཐོ་རིམ་མགོ་ཁྲིད་ཚོས་བུད་མེད་ཆབ་སྲིད་ལས་ཞུགས་ཀྱི་དཀའ་རྙོག་དེ་གསལ་པོར་རྟོགས་ཡོད” ཟེར། ལྕམ་ཉུ་ལགས་ཀྱི་བརྗོད་པ་ལྟར་ན། དེ་སྔོན་རྒྱ་ནག་ནང་གི་འབྲིང་རིམ་ལས་བྱེད་ ༡༠ ཡི་ཁྲོད་ཀྱི་ ༣ བུད་མེད་ཡིན་ནའང་། ད་ལྟ་ལས་བྱེད་ ༡༠ ཡི་ཁྲོད་དུ་བུད་མེད་ ༢ ཙམ་ལས་མེད་པ་དང་། གནས་ཚུལ་དེ་ནི་ ༢༠༡༣ ལོར་རྒྱ་ནག་གཞུང་འབྲེལ་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ (A-CWF) ཀྱི་དྲུང་ཆེ་སུང་ཞུའུ་ཡན་ (宋秀岩) གྱི་ཞིབ་འཇུག་དཔེ་དེབ་ལས་ལུང་འདྲེན་བྱས་པ་ཞིག་ཡིན་འདུག

རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་ཉུ་ལགས་ཀྱིས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་འབྲེལ་གསལ་བསྒྲགས་ཤིག་གི་ནང་། “ཏང་གི་སྲོག་ཤིང་གཙོ་འཛིན་ཞི་ཅིན་ཕིན་དང་ལྷན་དུ” ཏང་གི་ངོས་ནས་བུད་མེད་ཆབ་སྲིད་ལས་ཞུགས་ཀྱི་ལས་དོན་ “གལ་ཆེན་པོར” བཟུང་ཡོད་ཅེས་དང་། ཏང་གི་ངོས་ནས་ད་དུང་བུད་མེད་དང་བྱིས་པའི་དཀའ་རྙོག་སྐོར་ནན་ཏན་དུ་འཁོད་ཡོད་འདུག

ལྕམ་ཉུ་ཡིས་བརྗོད་རྒྱུར། “བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་ཚོའི་ཞུ་འབོད་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བརྟེན་ཏེ། བུད་མེད་ཆབ་སྲིད་ལས་ཞུགས་ཀྱི་གནས་སྟངས་གང་ལ་གང་འཚམ་ཡར་རྒྱས་ཕྱིན་ཡོད་པ་དང་། ལྷག་པར་དུ་འབྲིང་རིམ་དང་གཞི་རིམ་བུད་མེད་ཆབ་སྲིད་ལས་ཞུགས་གནས་སྟངས་ཡར་རྒྱས་ཕྱིན་ཡོད། གལ་ཏེ་གཞི་རིམ་མགོ་ཁྲིད་ཚོས་ཕོ་མོ་འདྲ་མཉམ་གྱི་ལས་ཞུགས་ཐད་དོ་སྣང་བྱས་པ་ཡིན་ན། གཞུང་གི་ལས་དོན་ལ་བུད་མེད་ཀྱི་རོགས་འདེགས་འཐོབ་པ་དང་། འཇོན་ནུས་ཅན་གྱི་བུད་མེད་མང་པོ་ལས་གནས་ཁག་ཏུ་མཉམ་ཞུགས་གནང་གི་རེད” ཅེས་ཟེར།

ཡིན་ནའང་ལྕམ་ཉུ་ཡིས། བུད་མེད་ཐོབ་ཐང་དོན་གཉེར་བ་རེ་གཉིས་ཀྱི་ཞུ་འབོད་ཙམ་གྱིས་བུད་མེད་ལས་ཞུགས་གནས་སྟངས་འཕོ་འགྱུར་གཏོང་ཐབས་མེད་པའི་སྐོར་ལ་ཁོ་མོས། “ངས་ནི་ཏང་གི་ཚོགས་ཆེན་ ༡༩ པའི་ཐོག་རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་བསྐོ་བཞག་ཁྲོད། བུད་མེད་མགོ་ཁྲིད་མང་པོ་བསྐོ་བཞག་བྱེད་སྲིད་པ་རེད་བསམ་གྱི་མི་འདུག མཐོ་རིམ་དཔོན་རིགས་ཁྲོད་བུད་མེད་མགོ་ཁྲིད་བསྐོ་བཞག་གནང་རྒྱུ་ཁག་པོ་རེད” ཅེས་ཟེར།

ཏང་གི་དྲུང་ཆེ་དང་གཞུང་དང་ཞིང་ཆེན་རིམ་པའི་མགོ་ཁྲིད་གོ་གནས་ནི། མཐོ་རིམ་ལས་གནས་སུ་ཞུགས་པའི་སྔོན་འགྲོ་ལྟ་བུ་ཡིན་ནའང་རྒྱ་ནག་གི་མཐོ་རིམ་ལས་གནས་ ༦༢ ཁྲོད་དུ་བུད་མེད་མགོ་ཁྲིད་ ༢ ཙམ་མ་གཏོགས་བསྐོ་བཞག་བྱས་མེད།

ལྕམ་ཉུ་ལགས་ཀྱིས་ད་དུང་། ན་ནིང་འཆར་ལྡན་བུ་སྐྱེས་སྲིད་ཇུས་བཅོས་སྒྱུར་བཏང་སྟེ་བྱིས་པ་གཉིས་སྐྱེས་ཆོག་པར་བཟོས་དེས་བུད་མེད་ལས་གནས་སུ་ཞུགས་པར་དཀའ་ངལ་ཆེ་རུ་བཏང་ཡོད་ཅིང་། དེ་ནི་བྱིས་པ་གསོ་སྐྱོང་དང་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་བུད་མེད་ཚོ་མཐོ་རིམ་ལས་གནས་ཁག་ཏུ་ཞུགས་པར་དཀའ་ངལ་ཆེ་རུ་ཕྱིན་ཏེ། བུད་མེད་མང་ཆེ་བ་ལས་ཞུགས་ཀྱི་ལོ་ཚོད་ལས་བརྒལ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

ཚོད་དཔག་བྱས་པ་ལྟར་ན། དམར་ཤོག་ཚོགས་པའི་སྟངས་འཛིན་འོག་བུད་མེད་ཚོ་མཐོ་རིམ་སྲིད་དོན་ལས་སྒོར་ཞུགས་རྒྱུ་ཁག་པོ་ཆགས་ཡོད་པ་དང་། ཐ་ན་གཞི་རིམ་གྱི་ལས་གནས་ཙམ་ལའང་ཞུགས་རྒྱུར་ཡང་དཀའ་ངལ་ཡོད་འདུག ༢༠༡༥ ཞིབ་འཇུག་བྱས་པ་ལྟར་ན། དམར་ཤོག་ཚོགས་པར་ཚོགས་མི་ས་ཡ་ ༨༨ ཡོད་པའི་ཁྲོད་བུད་མེད་བརྒྱ་ཆ་ ༢༥.༡ ཙམ་མ་གཏོགས་ཟིན་མེད། འདི་ལོའི་ཏང་གི་ཚོགས་ཆེན་ཐོག་ ༡༩༦༩ ལོའི་རྗེས་ཀྱི་མཐོ་རིམ་མགོ་ཁྲིད་མང་པོ་ཞིག་འཕོ་འགྱུར་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་མགོ་ཁྲིད་བརྒྱ་ཆ་ ༧༠ འཕོ་འགྱུར་གཏོང་འཆར་ཡོད་སྐོར་སྐུ་ཞབས་ཁྲིན་ལེ་ (李成) ཡིས་བཤད་འདུག

གནས་ཚུལ་དེ་ལྟར་ན། ལྕམ་གོ་ཅིན་མེ་ (郭建梅) ཡིས་མཐོ་རིམ་ལས་གནས་སུ་བུད་མེད་མང་པོ་བསྐོ་བཞག་བྱེད་པའི་རེ་བ་དེ་འགྲུབ་རྒྱུ་ཁག་པོ་ཆགས་འདུག ལྕམ་གོ་ཅིན་མེ་ཡིས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐོག་མགོ་ཁྲིད་མང་པོ་བསྐོ་བཞག་བྱ་རྒྱུ་རེད” ཅེས་དང་། “ང་ཚོས་ནུས་པ་ནི། ཏང་གི་མགོ་ཁྲིད་ཚོས་ང་ཚོའི་ཞུ་འབོད་དེར་གླེང་སློང་བྱེད་རྒྱུའི་རེ་བ་རྒྱག་གི་ཡོད།” ཅེས་ཟེར།

མ་རྩོམ་འབྲེལ་ཐག https://www.nytimes.com/2017/07/16/world/asia/china-women-communist-party.html

བསྐྱར་བཅོས།: ༢༠༡༧/༠༧/༢༢

Leave a Reply

2 thoughts on “དམར་ཤོག་ཚོགས་པའི་མཐོ་རིམ་མགོ་ཁྲིད་ཁྲོད་བུད་མེད་མེད་དོན་ཅི་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གྲལ་རིམ་དམངས་གཙོ་གཅིག་བསྡུད་ (,PROLETARIAN) གྱི་ལམ་ལུགས་ནང་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ལ་འང་ཚད་བཀག་ནན་པོ་ཡོད་པའི་ཀླ་ཀློའི་སྲིད་གཞུང་འོག་བུད་མེད་ལ་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་རག་རྒྱུ་ཉིན་སྐར་ཙམ་མིན་ནམ་???

  2. པདྨ་རྒྱལ་ལགས་བཀྲིན་ཆེ་གསར་འགྱུར་འདི་འདྲ་གང་མང་ཞིག་བསྒྱུར་ཐུབ་པ་ཡིན་ན་རང་རིགས་གང་མང་ཞིག་ལ་གོ་རྟོགས་སད་པར་ཕན་ངེས་རེད། མ་ཟད་བོད་ཀྱི་དུས་བབས་ཀྱི་ཁ་ལས་རླུང་རྟ་ཡང་དར་རྒྱུ་ཡིན་པ་རེད། དེ་འདྲ་སོང་ཙང་བཀྲིན་ཞུ། དེ་ནས་གསར་འགྱུར་རང་ལ་ལྟས་ནས་ཅུང་ཙམ་བརྗོད་ན་ངས་རྟག་པར་འདི་འདྲ་ཞིག་དྲན་བཞིན་ཡོད། བུད་མེད་ཚོས་སྤྱིར་བུད་མེད་ལ་ཐོབ་ཐང་མེད་པར་གང་ཙམ་གླེང་བཞིན་ཡོད་ན་ཡང་རྒྱལ་ཁབ་གང་ཞིག་ལ་བུད་མེད་ཀྱི་ཐོབ་ཐང་མེད་ངོས་འཛིན་བྱས་ནས་དེའི་གནས་སྟངས་སོགས་ལ་ཞིབ་ཚག་གིས་ཞིབ་འཇུག་གནང་ནས་དེའི་ཐོག་གླེང་དགོས་པ་དང་། འཛམ་གླིང་རྒྱལ་ཚོགས་སོགས་སུ་རྒྱ་ནག་དམར་ཕྱོགས་ཀྱི་དབང་འོག་ཏུ་བུད་མེད་ལ་ཐོབ་ཐང་མེད་པ་སོགས་གསལ་བོར་བརྗོད་དགོས་པ་དང་། བུད་མེད་དུས་ཆེན་སོགས་ལ་ངེས་པར་རྒྱ་ནག་ནང་བུད་མེད་ལ་ཐོབ་ཐང་མེད་པ་བརྗོད་ནས་ལས་འགུལ་སྤེལ་དགོས་པ་འདི་ཧ་ཀྱང་གལ་ཆེན་རེད། དེ་འདྲ་བྱས་པ་ཡིན་ན་དེ་ཞིག་འགྱུར་བ་འགྲོ་སྲིད་པའི་ལམ་ལུགས་ཤིག་རེད་དྲན་སོང་།