རྒྱ་དཀར་ནག་གཉིས་ཀྱིས་བོད་སྨན་གྱི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད།

མཱ་ཨེ་ཁེ་ཨི་ཝེ་སི་(MIKE IVES)ཡིས་བརྩམས།
བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།

བོད་མཐོ་སྒང་མཚོ་སྔོན་ཞིང་ཆེན་རྫ་སྟོད་ཀྱི་འགྲམ་དུ་བོད་མི་ཞིག་གིས་དབྱར་རྩྭ་དགུན་འབུ་བརྐོ་བཞིན་པ། དབྱར་རྩྭ་དགུན་འབུ་ནི་བོད་དང་རྒྱ་ནག་གི་སྲོལ་རྒྱུན་སྨན་དཔྱད་ལ་ཧ་ཅང་མཁོ་བའི་སྨན་རྫས་ཤིག་ཡིན།

རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་དུས་རབས་མང་པོའི་གོང་ནས་ཧི་མ་ལ་ཡའི་ས་རྩོད་བྱེད་ཀྱིན་ཡོད། ༡༩༥༠ ལོར་རྒྱ་ནག་དམག་དཔུང་གིས་བོད་ལ་བཙན་འཛུལ་བྱས་པ་དང་། རྒྱ་གར་ནས་ ༡༩༥༩ ལོར་བོད་ཀྱི་དབུ་ཁྲིད་༧གོང་ས་ཏྰ་ལའི་བླ་མ་མཆོག་ལ་སྐྱབས་བཅོལ་གྱི་མཐུན་སྦྱོར་གནང་བ་རེད། ལོ་གསུམ་གྱི་རྗེས་སུ་རྒྱ་དཀར་ནག་གཉིས་ས་མཚམས་ཀྱི་དམག་ལ་བཞུགས་དགོས་ཐུག་པ་རེད། ད་ལྟ་ཡང་རྒྱ་ནག་དང་འབྲུག་ཕན་ཚུན་ས་ཆ་ཞིག་གི་ཐོག་རྩོད་གླེང་འབྱུང་བཞིན་པའི་སྐབས་དེར་རྒྱ་གར་ནས་འབྲུག་གི་རྒྱབ་རྩ་གང་ཐུབ་བྱེད་བཞིན་པའི་སྒང་རེད།

རྒྱ་དཀར་ནག་གཉིས་དབར་བྱུང་བའི་ཉེ་དུས་ཀྱི་རྩོད་རྙོག་གསར་ཤོས་ཤིག་ནི་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་ཤུལ་འཛིན་བྱེད་ཕྱོགས་ཐད་རེད། འདི་ནི་རྒྱལ་ཁབ་གཉིས་ཀར་དགེ་མཚན་ཆེན་པོ་ལྡན་པ་ཞིག་ཡིན་ཏེ། འཛམ་གླིང་རྒྱལ་སྤྱིའི་ཐོག་ངོས་འཛིན་དང་མཐོང་ཆེན། ད་དུང་དཔལ་འབྱོར་གྱི་ཁེ་ཕན་ངེས་ཅན་ལྡན་པ་ཞིག་ཏུ་འགྱུར་རྒྱུ་རེད།

ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་ངོས་ནས་ “མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་རིག ཚན་རིག་དང་རིག་གཞུང་ཚོགས་པ།” (United Nations Educational, Scientific, and Cultural Organization) ལ་གནད་དོན་འདི་དང་འབྲེལ་ཡོད་ཀྱི་ཡིག་ཆ་ཐོ་འགོད་བྱས་ཤིང་། གསོ་རིག་གི་ལུས་ཁྲུས་ཏེ་བོད་ཀྱི་གསོ་བ་རིག་པའི་ནང་ཚན་ཞིག་ཤུལ་བཞག་གི་རིག་གཞུང་གྲས་སུ་ཚུད་ཐབས་བྱས་ཡོད་པ་རེད། ཡུ་ནི་སེ་ཁོའི་ (Unesco) དྲ་ཚིགས་ནང་གསལ་བ་ལྟར་ན་རྒྱ་ནག་གིས་སྙན་ཞུ་དེ་ལོ་རྗེས་མ་ཐག་གཅོད་བྱ་རྒྱུ་ཡིན་འདུག རྒྱ་གར་ངོས་ནས་ཀྱང་དུས་ཚོད་དེ་རང་ལ་གསོ་བ་རིག་པའི་སྲོལ་རྒྱུན་ཡོངས་རྫོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོང་བའི་སྙན་ཞུ་ཕུལ་ཡོད་པ་རེད།

ཝཱར་ཎ་བོད་ཀྱི་མཐོ་སློབ་སློབ་གཉེར་ཁང་གི་རིག་བདག་གཞོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་གནས་ཚུལ་འདི་དང་འབྲེལ་ནས་བརྗོད་དོན། “གལ་ཏེ་རྒྱ་ནག་ནས་སྙན་ཞུ་འབུལ་གྱི་ཡོད་ན་རྒྱ་གར་ངོས་ནས་ཀྱང་དབུལ་ཆོག་པ་ཞིག་རེད། འདི་ནི་རྒྱ་གར་གྱི་རིག་གཞུང་ཡང་རེད།” ཅེས་བརྗོད་ཡོད།

བཙན་བྱོལ་ནང་གནས་པའི་བོད་པ་ཚོ་དང་བོད་སྨན་སྒང་སློབ་སྦྱོང་བྱས་པའི་ནུབ་ཕྱོགས་ཀྱི་མི་རིགས་དཔྱད་ཞིབ་རིག་པ་བ་ཚོར་གཞིག་ན། ཡུ་ནི་སེ་ཁོའི་ངོས་འཛིན་ཐོབ་ཀྱང་རིག་གནས་དེར་དངོས་སུ་ཁྱད་པར་གང་ཙམ་ཡོང་མིན་ནི་ཐེ་ཚོམ་གྱི་གནས་སུ་ཡོད་པ་རེད།

ཁོང་ཚོའི་བསམ་པ་ལྟར་ན། གལ་སྲིད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་བྱས་པ་ལ་བརྟེན་ནས་བོད་ཀྱི་གྲོང་གསེབ་ཁག་ལ་སྨན་བཅོས་བརྟག་དཔྱད་ཀྱི་མཐུན་རྐྱེན་གང་མང་སྐྲུན་ཐུབ་པ་དང་། བོད་སྨན་གྱི་ལས་དོན་གཉེར་མཁན་བོད་རིགས་རྣམས་ལ་ལམ་སྟོན་པ་སོགས་ལས་རིགས་དྲག་གྲས་རྙེད་པ་དང་། བོད་སྨན་ཐོན་སྐྱེད་ཚགས་ཚུད་ཡོང་སླད་དུ་སྒྲིག་ཁྲིམས་གསར་པ་གཏན་འབེབས་བྱེད་ཐུབ་པ་སོགས་འབྱུང་ཚེ་ད་གཟོད་གཞི་ནས་དོན་ཐོག་གི་དགེ་མཚན་ཡོང་སྲིད་པར་ཡིད་ཆེས་བྱེད་བཞིན་ཡོད་འདུག

དེ་ལྟར་ཡིན་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་གྱི་རྐྱེན་པས་ལས་རིགས་འདིའི་དཔལ་འབྱོར་འདུ་འགོད་ལ་ཁེ་ཕན་ཡོང་སྲིད་ཀྱང་དེ་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་སྒང་ལ་དོན་སྨིན་ཡོང་མིན་ཐེ་ཚོམ་གྱི་གཞི་ཡང་ཡོད་དེ། སྲོལ་རྒྱུན་གྱི་གསོ་རིག་སྨན་དཔྱད་ཀྱི་མན་ངག་དག་རྗེས་རབས་པ་ཚོར་འཐུས་སྒོ་ཚང་བའི་ཐོག་བརྒྱུད་སྤྲོད་བྱ་རྒྱུ་དང་། རང་བྱུང་ཁོར་ཡུག་ནས་སྨན་རྫས་ཚད་མེད་བསྔོག་གདོན་བྱེད་པ་སོགས་དོ་ཕོག་ཡོང་དོགས་ཀྱི་སེམས་ཁྲལ་ཡང་ཡོད་པ་རེད།

བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། “བོད་ཀྱི་གསོ་རིག་སྨན་དེབ་ཐོག་མ་དེ་ནི་འཛམ་གླིང་སྤྱིའི་ལོངས་སྤྱོད་ཀྱི་དགའ་སྟོན་ཆེད་དུ་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་རྩོད་གཞི་ཞིག་ཏུ་འགྱུར་མི་ཉན།” ཞེས་བརྗོད་ཡོད་འདུག

གསོ་བ་རིག་པ་ནི་རྒྱ་ནག་དང་རྒྱ་གར། ཁྱིམ་མཚེས་རྒྱལ་ཁབ་འབྲུག སོག་པོ་དང་བལ་ཡུལ་སོགས་ལ་ལག་ལེན་བྱེད་བཞིན་ཡོད་པ་རེད། ད་ལྟའི་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་ཕྱི་མོ་ནི་གསོ་རིག་རྒྱུད་བཞི་སྟེ། ནུབ་ཕྱོགས་ཀྱི་མཁས་པ་མང་པོས་དེ་ནི་དུས་རབས་ ༡༢ པའི་ནང་བོད་ཀྱི་སྨན་པ་མཁས་པ་ཞིག་གི་ཕྱག་རྒྱུན་ཡིན་པར་རློམ་གྱི་ཡོད་པ་རེད། དེ་ནི་དུས་རབས་བརྒྱད་པའམ་ཡང་ན་དེ་ལས་གོང་གི་གཞུང་ལུགས་ཤིག་ལ་བརྟེན་ནས་ཡོད་པ་རེད།

༧གོང་ས་ཏཱ་ལའི་བླ་མ་མཆོག་དྷ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཆེན་སྐབས།

ནུབ་ཕྱོགས་ཀྱི་མཁས་དབང་དག་ལ་གཞིགས་ན། “དུས་ཕྱིས་ཕྱིས་ཏེ་ ༡༩༩༠ ལོའི་མགོ་སྟོད་ཙམ་ལ་རྒྱ་ནག་དང་རྒྱ་གར་དབར་བོད་སྨན་གྱི་ཐོག་ཐོབ་ཐང་རྩོད་ལེན་བྱས་པ་དེ་འདྲ་མངོན་གསལ་འདོད་པོར་གྱུར་མེད་པ་རེད། ཡིན་ཡང་ལོ་ ༢༠ ཙམ་གྱི་གོང་ནས་ཚང་མས་བོད་སྨན་གྱི་དཔལ་འབྱོར་རིན་ཐང་སྐོར་ཤེས་རྟོགས་བྱུང་བ་རེད།”

ཝི་ཨེ་ནར་ཡོད་པའི་ཨོ་སི་ཐྲི་ཡའི་ཚན་རིག་སློབ་གཉེར་ཁང་གི་མི་རིགས་དཔྱད་ཞིབ་རིག་པའི་སྨན་པ་སཱི་ཌེ་ཧྥིན་ཁུ་ལོ་སེའི་(Stephan Kloos)རྩིས་རྒྱག་ལ་གཞིགས་ན། “ཁོང་རང་གི་སྔོན་འགྲོའི་རྩིས་ལ་བལྟས་ན་ལས་རིགས་འདི་ནས་ཨ་སྒོར་ཐེར་འབུམ་གཅིག་ཡོང་འབབ་ཡོད་ཅིང་། བོད་མི་མ་ཡིན་པ་ཚོས་ཀྱང་བོད་ཀྱི་གསོ་བ་རིག་པ་ནི་ཚོང་ལས་ཀྱི་གོ་སྐབས་ཡག་པོ་ཞིག་ལ་བརྩི་བཞིན་ཡོད་པ་རེད་འདུག”

ཡིན་ཡང་ཁྱད་ལས་མཁས་པ་ཚོས་དཔལ་འབྱོར་གྱི་ཡོང་འབབ་ཆེ་བའི་ལས་རིགས་འདི་ནི་སྲོལ་རྒྱུན་གྱི་ལག་རྩལ་ལ་ཤུགས་ཆེན་བརྟེན་དགོས་པ། དཔེར་ན། རང་བྱུང་གི་སྨན་རྩ་དང་རི་དྭགས་སེམས་ཅན་སོགས་ལ་ཤུགས་ཆེན་རྒྱབ་བརྟེན་བྱེད་བཞིན་པ་དེ་ནི་དཔལ་འབྱོར་ལས་རིགས་ཆེན་པོ་ལ་དེ་ག་ཙམ་གྱིས་འཚམ་པོ་མེད་པར་བརྗོད་ཡོད་འདུག

ཌར་ཊི་མྰའོ་ཐི་སློབ་ཆེན་(Dartmouth College)གྱི་མི་རིགས་དཔྱད་ཞིབ་རིག་པའི་ཕྱག་སྦྲེལ་སློབ་དཔོན་སྰེ་ན་རྰ་དྷ་ཁི་རེ་ཀེ་ (Seinna Radha Craig) ནི་བོད་ཀྱི་གསོ་བ་རིག་པའི་ཁྱད་ལས་མཁས་པ་ཞིག་ཡིན་པ་དང་། ཁོ་མོས་བརྗོད་དོན་ལ། “མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་བྱས་པ་ལ་བརྟེན་ཏེ་ལས་རིགས་འདིར་འཕེལ་རྒྱས་འགྲོ་སྲིད་ཀྱང་རང་བྱུང་ཁོར་ཡུག་ལ་འགན་ལེན་མི་ཐུབ་པ་དེ་འདྲ་ཡང་འབྱུང་སྲིད་པ་ཞིག་རེད།” རྒྱ་གར་དང་རྒྱ་ནག ད་དུང་བལ་ཡུལ་བཅས་ཀྱི་ནང་ལས་རིགས་འདི་རྒྱ་སྐྱེད་ལ་ཤུགས་སྣོན་ཁོ་ན་བྱས་རྐྱེན་ “འདེབས་ལས་དང་སྲུང་སྐྱོབ་” ཐོག་རྗེས་སུ་ལུས་ཡོད་པ་རེད་ཅེས་བརྗོད་ཡོད། ཁོ་མོས་མུ་མཐུད་དེ། “གལ་ཏེ་དེ་ལྟར་རྒྱུན་སྐྱོང་བྱས་པ་ཡིན་ན་གང་འཚམ་ཞིག་ནས་ཁུངས་འཁྱོལ་ཐབས་མེད་པར་འགྱུར་ངེས་རེད།” ཅེས་བརྗོད་འདུག

༢༠༡༠ ལོར་རྒྱ་གར་ངོས་ནས་གཞུང་འབྲེལ་ཐོག་བོད་ཀྱི་གསོ་བ་རིག་པ་དེ་བཞིན་རྒྱ་གར་གྱི་སྨན་རིགས་གཞུང་ལུགས་ཤིག་ལ་ངོས་འཛིན་བྱས་པ་རེད། རྒྱ་གར་གྱི་གཞུང་འབྲེལ་དྲ་རྒྱ་ཞིག་གི་སྟེང་བཀོད་དོན་ལ། “གསོ་རིག་སྲོལ་རྒྱུན་འདིའི་ཡོང་ཁུངས་སྐོར་བསམ་ཚུལ་མི་འདྲ་བ་འགའ་ཤས་ཡོད་ཀྱང་། འདིའི་གཞུང་ལུགས་དང་ལག་ལེན་མང་པོ་ཞིག་ནི་རྒྱ་གར་གྱི་ཨ་ཡུར་བེ་དའི་དང་ཧ་ཅང་མཚུངས།” ཞེས་བྲིས་འདུག རྒྱ་གར་ཕྱོགས་ནས་ཨ་ཡུར་བེ་དའི་བོད་ནང་ཐོག་མ་དུས་རབས་གསུམ་པའི་ནང་དར་བར་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད།

ནུབ་ཕྱོགས་ཀྱི་མཁས་དབང་ཚོས་ཨ་ཡུར་བེ་དའི་དང་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་གཉིས་ལ་ལོ་རྒྱུས་ཀྱི་འབྲེལ་བ་དམ་ཟབ་ལྡན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། ཉེ་དུས་སུ་རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཐོ་འགོད་བྱས་པའི་སྙན་ཞུའི་ལས་གཞི་ལ་རྒྱ་ནག་གི་མཁས་པ་ཚོས་དགག་པའི་ལན་འདེབས་དྲག་པོ་བྱས་ཡོད་པ་རེད།

ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གཞུང་འབྲེལ་གྱི་སྟངས་འཛིན་འོག་ཡོད་པའི་ “རྒྱལ་སྤྱིའི་དུས་བབ་” ཅེས་པའི་ཚགས་ཤོག་སྟེང་། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་ནང་ཡོད་པའི་མི་རིགས་རྩད་ཞིབ་རིག་པ་བ་ཆིན་ཡྰོང་ཛྷང་ (Qin Yongzhang) གི་སྐད་ཆ་དུམ་བུ་འདི་འདྲ་ཞིག་མཐོང་རྒྱུ་ཡོད་དེ། “དོན་དངོས་ཐོག་བོད་ཀྱི་གསོ་རིག་དེ་རྒྱ་ནག་ནས་དར་བ་ཙམ་དུ་མ་ཟད་ད་དུང་རྒྱ་ནག་ནང་ལ་རྒྱ་སྐྱེད་ཀྱང་བྱུང་ཡོད།”

རྒྱ་ནག་གིས་ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུའི་ནང་འཁོད་དོན། “བོད་ཀྱི་ཆུ་ཚན་དང་སྨན་རྩྭའི་ལུས་ཁྲུས་གསོ་ཐབས་ཏེ། བོད་པ་ཚོས་ལུམས་ཞེས་པའི་སྨན་དཔྱད་ལུས་ཁྲུས་ཐབས་ལམ་དེ་ནི་བོད་མི་ཚོས་གསར་གཏོད་བྱས་པ་དང་། རྒྱ་ནག་གི་ནུབ་ཁུལ་ས་ཆ་མང་པོར་སྐད་གྲགས་ཆེན་པོ་ཡོད་པ་རེད།” ཅེས་བརྗོད་འདུག

སྙན་ཞུ་དེའི་ནང་ད་དུང་འཁོད་དོན། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོངས་ཆེན་ཐོབ་ཚེ། ལུས་ཁྲུས་ཀྱི་སྲོལ་རྒྱུན་དེ་བཞིན་རྒྱ་རིགས་མི་མང་ཁྲོད་ཁྱབ་སྤེལ་ཐུབ་པ་དང་། གྲངས་ཉུང་མི་རིགས་ཁག་གི་ནང་ལ་ཡང་འཕྲོད་བསྟེན་དང་རང་བྱུང་ཁམས་ལ་གུས་བརྩི་ཡོང་བའི་བགྲོ་གླེང་གི་སྐུལ་སློང་ཐུབ་པའི་དགེ་མཚན་ཆེན་པོ་ཡོད་ཚུལ།” བྲིས་ཡོད་འདུག

དྷ་རམ་ས་ལའི་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དུ་སྲོལ་རྒྱུན་བོད་སྨན་ཐུམ་སྒྲིལ་གྱིས་ནད་པར་བསྐུར་བརྩི་བྱེད་བཞིན་པ།

ཁོ་ལིམ་པི་ཡའི་གཙུག་ལག་སློབ་ཆེན་ནང་རྒྱ་གར་དང་བོད་ཀྱི་ནང་ཆོས་ཀྱི་སློབ་དཔོན་ཆེན་མོའི་གོ་ས་བཞེས་བཞིན་པའི་རའོ་བྷེ་ཊེ་ཐར་མཱེན་ (Robert Thurman) གྱིས་བརྗོད་དོན། “རྒྱ་ནག་ནས་བོད་མཐོ་སྒང་གི་ས་ཆ་མང་ཆེ་བ་ཧམ་བཟུང་བྱས་པ་ལ་བརྟེན་ཏེ། ཁོང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་ཐོ་འགོད་ཀྱི་སྙན་ཞུ་ཕུལ་བ་དེར་རྒྱུ་མཚན་ཅུང་ཡོད་པ་རེད།” ཅེས་དང་། ཁོང་གིས་མུ་མཐུད་དོན། “ཡིན་ཡང་བོད་ཀྱི་སྲོལ་རྒྱུན་གསོ་རིག་གི་མགོ་ཁུངས་ནི་རྒྱ་ནག་ཡིན་ཞེས་པ་ནི་ཅུང་ཆོ་མེད་པའི་སྐད་ཆ་ཞིག་རེད” ཅེས་གློག་འཕྲིན་ཞིག་ནང་བྲིས་ཡོད་འདུག

རྒྱ་ནག་གི་ཡུ་ནེ་སི་ཁོའི་ལས་ཁུངས་ཀྱི་ཁ་པར་ལེན་མཁན་མིང་བརྗོད་འདོད་མེད་པའི་བུད་མེད་ཅིག་གིས་བརྗོད་གསལ་ལ། “རྒྱ་ནག་གཞུང་ནས་ཡུ་ནེ་སི་ཁོའི་ཡིག་ཆའི་ཐོག་ལས་ཀ་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་གནས་ཚུལ་ཚང་མ་གསང་བ་བྱས་ཡོད་པ་རེད” ཅེས་བརྗོད་ཡོད་པ་དང་། ཡུ་ནེ་སི་ཁོའི་འབྲེལ་ཡོད་མི་སྣས། “ཡིག་ཆ་དཔྱད་ཞིབ་བྱེད་བཞིན་པ་དག་གི་སྐོར་ཕྱིར་འགྲེལ་བཤད་བྱེད་སྲོལ་མེད་པ་རེད།” ཅེས་བརྗོད་པ་དང་། བྷང་ཁོག་ཏུ་ཡོད་པའི་མགྲིན་ཚབ་པ་ནོའུ་ལེ་བྷུ་ཝིན་ (Neol Boivin) གྱིས་གློག་འཕྲིན་ཞིག་ནང་བརྗོད་དོན་ལྟར་ན། “རྒྱལ་ཁབ་གཅིག་ལས་མང་བས་དབྱིབས་མེད་རིག་གཞུང་ཤུལ་བཞག་གི་མིང་དོན་བྱེད་པར་སྐུལ་མ་བྱེད་ཀྱི་ཡོད།” ཟེར།

བཅར་འདྲི་ཞིག་གི་ནང་མིང་གྲགས་ཅན་གྱི་བོད་མི་གཉིས་ཀྱིས་ཡུ་ནེ་སི་ཁོའི་ལས་གཞི་དེའི་ཐོག་བསམ་ཚུལ་འདྲེས་མ་ཞིག་བརྗོད་པ་དང་། བོད་མི་ཚོར་རང་ཉིད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་གདམ་ག་ལས་སླ་པོ་ཁྱོན་ནས་མེད་པ་རེད་ཅེས་གསལ་བརྗོད་བྱས་ཡོད་འདུག

པེ་ཅིན་དུ་གནས་སྡོད་བྱེད་བཞིན་པའི་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བརྗོད་གསལ་ལ། “སླར་ཡང་འདི་ལྟར་བོད་མིའི་མངོན་འདོད་ལ་སྣང་མེད་ཀྱིས་རྒྱལ་སྤྱིའི་ཐོག་བོད་མིའི་ངོ་ཚབ་མཚོན་ཐབས་བྱས་པ་དེ་ནི་ངོ་ཚ་དགོས་པ་ཞིག་རེད།” ཅེས་དང་། ཁོ་མོས་མུ་མཐུད་དོན། “ཡིན་ཡང་ང་ཚོས་གོ་སྐབས་དང་མ་དངུལ་གྱི་ཁེ་ཕན་ལ་མ་བརྟེན་པ་ཡིན་ན་བོད་སྨན་དང་སྟབས་བསྟུན་ཏེ། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཡང་རིམ་པས་ཡལ་འགྲོ་ངེས་རེད།” ཅེས་བརྗོད་འདུག

ནེའུ་ཡོག་ཏུ་ཡོད་པའི་བོད་ཀྱི་སྨན་པ་བཀྲ་ཤིས་རབ་བརྟན་ལགས་ཀྱིས། “རྒྱལ་ཁབ་གང་རུང་གིས་སྙན་ཞུ་ལ་ངོས་འཛིན་བྱས་ཀྱང་ཕྱོགས་ཡོངས་ཀྱི་གྲུབ་འབྲས་ནི་བཟང་པོ་ཞིག་ཡོང་ངེས་རེད།” ཅེས་དང་། “ཡིན་ཡང་དེར་ཆ་རྐྱེན་གཅིག་ཡོད་པ་དེ་ནི་ཡུ་ནེ་སི་ཁོའི་ངོས་འཛིན་ཐོག་གསོ་རིག་གཞུང་ལུགས་འདི་བོད་མི་ཚོར་དབང་བར་ངོས་འཛིན་ཁ་གསལ་ཡིན་གཅིག་བྱ་དགོས་པ་དེ་རེད།” ཅེས་བརྗོད་འདུག

སྨན་རིགས་ཐོག་མི་རིགས་དཔྱད་ཞིབ་རིག་པ་བ་སྐུ་ཞབས་ཁུ་ལོ་སེས་བརྗོད་དོན་ལ། “གསོ་རིག་ལག་ལེན་བྱེད་བཞིན་པའི་རྒྱལ་ཁབ་དག་གི་དམིགས་ཡུལ་དེ་གསོ་རིག་ལ་རྒྱལ་སྤྱིའི་གདེང་འཇོག་དགོས་པ་བདེན་ན། ཚང་མས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་དམིགས་ཡུལ་བསྒྲུབ་ཐབས་སུ་འབད་བརྩོན་བྱ་དགོས་མོད། ཡིན་ཡང་སྨན་རིགས་ཀྱི་གནད་དོན་ཡིན་ཡང་ཆབ་སྲིད་དང་ཟུར་འདོན་བྱེད་ཐུབ་ཡོད་པ་མ་རེད།” ཅེས་བརྗོད་འདུག

 

* མཆན།

ཨྰ་ཡི་ཤ་ཝེན་ཁྰ་ཏ་རྰ་མན་(Ayesha Venkataraman) གྱིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་ནས་གནས་ཚུལ་མཐུན་སྦྱོར་དང་། པེ་ཅིང་ནས་ཁྰེ་རོ་ལྰི་ན་ཁེན་ (Karolina Kan) ནས་ཞིབ་འཇུག་གྱིས་མཐུན་སྦྱོར་བྱས།

མ་རྩོམ་འབྲེལ་ཐག https://www.nytimes.com/2017/07/27/world/asia/unesco-tibetan-medicine-india-china.html?mwrsm=Facebook

བསྐྱར་བཅོས།: ༢༠༡༧/༠༧/༢༩

Leave a Reply

3 thoughts on “རྒྱ་དཀར་ནག་གཉིས་ཀྱིས་བོད་སྨན་གྱི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    Dear UNESCO ལགས། སྐྱར་དུ་ཞུ་རྒྱུ།

    “……. Surely, according to principle I uphold, the last Voice in regard to Tibet should be the voice of the people of Tibet and of nobody else.

    ” Pt. Jawaharlal Nehru, The first prime minister of India.

  2. རྒྱུད་གྲྭ་བློ་བཟང་དབང་འདུས།

    UNESCO ལགས་སུ། ད་ལྟ་་་ བོད། ཤི་མེད། ༡༽ བོད་ཀྱི་གསོ་བ་རིག་པ་་་ ལག་ཙ། སེར་ཁབ། ༢༽ རྒྱ་གར་གྱི་གསོ་བ་རིག་པ་་་ Ayuverdic ། རྒྱ་ནག་གི་གསོ་བ་རིག་པ་་་ Aqupenture ། ཁ་ཁ་རེད།
    ” Is Tibet lost for ever ? No. A thousand times No. Tibet will not die because there is no death for the human spirit.” Prof. Jayaprakash Narayan…….