སྐུ་ལུས་མེར་སྲེག་གནང་མཁན་དེ་ངོ་རྟཊ་ཆོད་མ་སོང་།

དེ་རིང་སྐུ་ལུས་མེར་སྲེག་གནང་མཁན་དེ་སུ་ཡིན་ངོ་རྟགས་ཆོད་མ་སོང་ཡང་སྐུ་ཕུང་རྒྱ་གར་སྨན་ཁང་དུ་ཉིན་གཉིས་རིང་བཞག་སྟེ་ངོ་རྟགས་ཆོད་མཁན་ཡོད་མེད་བལྟ་རྒྱུ་ཡིན་འདུག

དེ་རིང་ཉིན་རྒྱབ་ཏུ་བཞུགས་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིར་སྐུ་ལུས་མེར་སྲེག་གནང་མཁན་དེའི་སྐུ་ཕུང་སྨན་ཁང་དུ་འཁྱེར་སྐབས། བོད་མི་མང་པོ་ཡུལ་དངོས་སུ་བསླེབས་འདུག་ཀྱང། བོད་མི་དེ་སུ་ཡིན་མིན་སོགས་ངོ་རྟགས་ཆོད་མ་སོང་ལ། རྒྱ་གར་ཉེན་རྟོག་ཁང་དང་གསང་བ་ལས་ཁུངས་ཀྱི་མི་སྣས་ཞིབ་བཤེར་ཆེད་སྐུ་ཕུང་སྨན་ཁང་དུ་འཁུར་ཏེ་རྟག་དཔྱད་གནང་རྒྱུ་ཡིན་འདུག

གླིང་སྐོར་དུ་ཕེབས་མཁན་སྤོ་འགྱུར་མེད་ལགས་ཀྱིས། ཁོང་སྐོར་བར་འགྲོ་སྐབས་བོད་མི་དེས་(༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག)ཅེས་སྐད་འབོད་གནང་གིན་འགྲོ་བཞིན་ཡོད་པ་མཐོང་འདུག

དྷ་སའི་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་གསར་འགོད་པར། སྐུ་ལུས་མེར་སྲེག་གནང་མཁན་དེ་སུ་ཡིན་ངོ་རྟགས་ཆོད་མེད་ཀྱང་། ཁོང་གིས་སྐུ་ལུས་མེར་བསྲེགས་གནང་ས་དེར་རྒྱབ་ཁུག་ཅིག་བཞག་ཡོད་པ་དེའི་ནང་དུ་ཧིན་སྒོར་ ༨༠༠ དང་བོད་ཀྱི་རྒྱལ་དར་ཆུང་ཆུང་ཞིག་ཡོད་པ་དེའི་ཐོག་ནས་ཕལ་ཆེར་བོད་མི་ཞིག་ཡིན་པར་ངོས་འཛིན་བྱེད་ཐུབ་པ་དང་། ས་གནས་མགོ་འཛིན་ལས་ཁུངས་ཀྱི་ངོས་ནས་ངོ་ཤེས་མཁན་ཡོད་མེད་བརྡ་ཁྱབ་སྤེལ་ཡོད་སྐོར་དང་། སྤྱིར་བཏང་རང་ལུས་མེར་བསྲེགས་གནང་བ་གསལ་པོ་ཡིན་ཡང་རྐྱེན་གཞན་པ་ཡོད་མེད་ཞིབ་འཇུག་བྱེད་ཆེད།  ཉེན་རྟོག་པ་དང་གསང་བའི་མི་སྣས་ཕུང་པོར་རྟག་དཔྱད་བྱ་རྒྱུ་ཡིན་པ་དང་། དེའི་རྗེས་ས་གནས་མགོ་འཛིན་ལས་ཁུངས་ནས་ཁྲིམས་ལྟར་ཕུང་པོ་རྩི་ལེན་གནང་སྟེ་ཞུགས་འབུལ་སོགས་ཀྱི་འདས་ཆོས་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

དྷ་ས་ཉེན་རྟོག་ཁང་གི་སྤྱི་ཁྱབ་དཔོན་པོ་(Rajendra Kumar Jaisal)ལགས་ཀྱིས་གསར་འགོད་པར། ད་ལྟའི་ཆར་ཕུང་པོ་ངོ་རྟགས་ཆོད་མེད་སྟབས། ཉིན་གཉིས་རིང་ཕུང་པོ་སྨན་ཁང་དུ་བཞག་སྟེ་ངོ་རྟགས་ཆོད་མཁན་ཡོད་མེད་བལྟ་རྒྱུ་སྐོར་དང་། ཕུང་པོར་ཞིབ་བཤེར་དང་འབྲེལ་ཡོད་ལ་འདྲི་རྩད་བྱས་རྗེས་གནས་ཚུལ་གསལ་པོ་ཆགས་རྒྱུ་ཡིན་སྐོར་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༢༩

Leave a Reply

6 thoughts on “སྐུ་ལུས་མེར་སྲེག་གནང་མཁན་དེ་ངོ་རྟཊ་ཆོད་མ་སོང་།

  1. ཐུགས་རྗེ་ཆེ། ཁྱོད་ཀྱི་རིག་པར་ཞིབ་བཤེར་བྱེད་བཞིན་ཡོད།
    བརྗོད་བྱ་དང་བརྗོད་གཞིར་གང་གི་ཐད་རང་ལུས་མེར་བསྲེགས་བཏང་གི་ཡོད་རེད།ཧ་གོ་ཡི་མི་འདུག
    ས་ཆ་དང་དུས་ཚོད་འདེམས་ཀ་གང་འདྲའི་བྱེད་ཀྱི་ཡོད་པ་རེད།གོང་གི་མེར་བསྲེགས་གནང་མཁན་དེ་མ་གྲོངས་གོང་བགྲེལ་བཤད་གསལ་པོ་ཞིག་གསུངས་མེད་ན་རྗེས་ལ་གནས་སྟངས་གང་འདྲའི་ཞིག་ཆགས་རྒྱུ་རེད།དེ་རིང་ཡང་ལྷ་རྒྱལ་རི་སྐོར་ལམ་ལ་མེར་བསྲེགས་གཏོང་ཡོད་པ་དེ་གངརེད།རྒྱ་ནག་གཞུང་ཚབ་ཁང་ལྡི་ལི་དང་མམ་བྷེལ་ལ་ཡོད་པ་ཧ་གོ་མེད་ཡིན་ན།བོད་ནང་ཡིན་ན་བཙན་འོག་ཏུ་ཡོད་ཙམ་འདེམས་ཀ་ཡོག་མ་རེད་ཟེར་ནས་བརྗོད་ཆོག
    ཚང་མ་ལ་དཔའ་བོ་རེད་འདུག་ཟེར་རྒྱུ་མི་འདུག
    སྦྱིར་རང་ལུས་མེར་བསྲེགས་གནང་བ་འགྲིག་མིན་སྐད་ཆ་གང་ཡང་ཞུ་ཡི་མེད།

  2. སྲས་སྐུ་ངོ་།

    ཨོཾ་མ་ཎི་པདྨེ་ཧཱཽུཾ།
    སྦྱིར་རང་ལུས་མེར་བསྲེགས་གནང་བ་འགྲིག་མིན་སྐད་ཆ་གང་ཡང་ཞུ་མེད། ཡིན་ནའང་། དུས་ཚོད་དང་ས་གནས། དགོས་འདུན་གསལ་བོ་མེད་པས་ཡིད་སྐྱོ་བྱུང།

  3. གཞུང་པ་ཚེ་དབང་བསོད་ནམས་

    རྡ་སའི་བསྐོར་ལམ་མི་མེད་ཤིང་ནགས་ནང་རང་ལུས་མེར་བསྲེགས་གཏོང་རྒྱུ་དེ་ཕྱོགས་གང་ནས་བལྟས་ཀྱང་འདྲི་བ་མང་པོ་ཡོང་དགོས་པ་ཞིགམ་རེད་དམ་?

  4. ༄༅། རྡ་སར་མི་ཞིག་རང་ལུས་མེར་བསྲེགས་གནང་མཁན་སུ་ཡིན་དང།
    རྒྱུ་རྐྱེན་ཇི་ཡིན་ད་ལྟ་བར་བརྩད་ཆོད་ཐུབ་མེད་ཀྱང་ཕལ་ཆེར་བོད་མི་ཞིག་ཡིན་ས་རེད། གང་ལ་ཞུ་ན་བྱོ་ལ་ནང་ལ་བོད་ཀྱི་རྒྱལ་་དར་དང་སྒོར་༨༠༠།ཡོད་པ་དེས་
    བོད་མི་ཞིག་ཡིན་པ་ཐག་ཆོད་རེད།
    ད་འདི་ཡང་དཔའ་བོ་ཞིག་དང་། རྒྱལ་ཁབ་མི་རིགས་ཀྱི་ཆེད་དུ་ཡིན་ནམ་།
    ཁོས་ག་རེ་བཤད་འདུག།

  5. ཐོས་པ་དགའ།

    རང་ལུས་མེར་བསྲེག་གཏོང་མཁན་ཁོང་བོད་པ་ཞིག་ཡིན་ན། བསྲེག་ས་སྦད་དེ་ནོར་བ་རེད། ༧གོང་ས་མཆོག་གི་ཕོ་བྲང་གི་ཉེ་ཁྲིས་ནས་བསྲེག་པ་མ་འགྲིག་པ་རེད། དེ་བས་ཆབ་སྲིད་ཀྱི་གདན་ཆ་གལ་ཆེ་ཞིག་བེད་སྤྱད་ནས་རང་གི་མི་ལུས་རིན་པོ་ཆེ་བོད་མི་རིགས་ཀྱི་ཆེད་དུ་གཏོང་རྒྱུ་སེམས་ཐག་ཆོད་སོང་དུས། དེའི་ཚོད་ཀྱིས་དགྲ་བོ་རྒྱ་དམར་གྱི་སྙིང་ལ་ན་ཟུག་ལངས་བྱེད། འཛམ་བུ་གླིང་གི་བརྒྱུད་ལམ་ཁག་གི་ནང་ལ་འགྲོ་ངེས་པ་ཞིག་ཐོག་ནས། རང་གི་དགོས་འདུན་དེ་ཚོ་ཡང་ཁ་གསལ་ལ་གནད་ལ་ཁེལ་བ་ཞིག་བཟོས་ན་ངོ་མ་རང་གི་ཚེ་དེ་བཏང་གོ་ཆོད་པ་རེད་སྙམ། དེ་ལྟར་མིན་པར་རང་ཉིད་སུ་ཡིན་པ་ཙམ་ཡང་ཤེས་དཀའ་བ་བྱས་ནས་བསྲེག་པ་འདི་ཕངས་པ་ལ།

    1. ཐོས་པ་དགའ་ལགས་ཀྱི་དགོངས་འཆར་ལྷུག་པོ་གནང་བར་ཐུགས་རྗེ་ཆེ།
      མ་འོངས་པའི་ལས་འགུལ་གནང་ཕྱོགས་ཐད་དམིགས་བསལ་ཕན་ནུས་ལྡན་པ་ཞིག་ཏུ་སྣང།