སྐུ་ལྕམ་ལིའུ་ཞཱ་མཐོང་རྒྱུ་མེད་པ་ཆགས་འདུག

ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་སྐུ་གཤེགས་དམ་པ་ལིའུ་ཞོ་པོ་ཡི་སྐུ་ལྕམ་ལིའུ་ཞཱ་རྒྱ་གཞུང་གི་བཀག་སྐྱིལ་འོག་མི་མངོན་པར་གྱུར་བར་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞོ་པོ་མཆོག་གི་སྐུ་ལྕམ་ལིའུ་ཞཱ་ལགས་ལིའུ་ཞོ་པོ་སྐུ་མ་གཤེགས་པའི་ཉིན་གཅིག་གི་གོང་ནས་མི་སུ་ལའང་འབྲེལ་བ་བྱུང་མྱོང་ཡོད་མི་འདུག ཨ་རིར་ཡོད་པའི་ཁྲིམས་རྩོད་པ་ཞིག་གིས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཁོང་མོ་རྒྱུས་མངའ་མེད་པའི་ས་ཆ་ཞིག་ཏུ་འཇུ་བཟུང་བཀག་ཉར་བྱས་ཡོད་སྟབས། མི་སུས་ཀྱང་ཁོང་དང་འབྲེལ་བ་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་འདུག

སྐུ་ཞབས་ལིའུ་ཞོ་པོ་ལགས་སུ་མཆིན་པའི་སྐྲུན་ནད་ཕོག་སྟེ་ཕྱི་ཟླ་ ༧ པའི་ཟླ་མགོར་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་དང་། ཁོང་ནི་ཇཱར་མན་ཞི་མཐུན་རིང་ལུགས་པ་སྐུ་གཤེགས་དམ་པ་ཀཱ་རལ་(Carl)མཆོག་གི་རྗེས་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་པ་དང་པོ་དེ་ཆགས་ཡོད་འདུག སྐུ་ཞབས་ཀཱ་རལ་མཆོག་ནི་ཇཱར་མན་རྒྱལ་ཁབ་ནཱ་ཛེ་ཚོགས་པས་དབང་སྒྱུར་བྱས་སྐབས་ཕྱི་ལོ་ ༡༩༣༨ ཟླ་ ༥ ཚེས་ ༤ ཉིན་བཙོན་འོག་ནས་འདས་གྲོངས་སུ་ཕྱིན་ཡོད།

རྒྱལ་སྤྱིའི་ཆབ་སྲིད་བཙོན་པའི་གནད་དོན་ཐད་ཞུ་གཏུག་གནང་མཁན་སྐུ་ཞབས་ཇཱིན་སཱར་(Genser)ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “རྒྱ་ནག་གཞུང་གིས་གང་མགྱོགས་ལྕམ་ལིའུ་ཞཱ་ལགས་སྐུ་འཚོ་བཞུགས་ཡིན་པའི་དཔང་རྟགས་སྟོན་དགོས་པ་མ་ཟད། ཁོང་གི་ནང་མི་དང་གྲོགས་པོ་གྲོགས་མོ། འཛམ་གླིང་མི་མང་སུ་ལ་ཐུག་འཕྲད་དང་འབྲེལ་བ་བྱེད་པར་བཀག་འགོག་མེད་པར་མཐུན་འགྱུར་གནང་དགོས།” ཞེས་བརྗོད་འདུག

ཕྱི་ཟླ་ ༧ ཚེས་ ༡༥ ཉིན་སྐུ་ཞབས་ལིའུ་ཞོ་པོ་མཆོག་གི་སྐུ་ཕུང་མེར་བསྲེགས་གནང་ཡོད་པ་དང་། དེའི་རྗེས་ནས་བཟུང་ཁོང་གི་ཆུང་མ་ལིའུ་ཞཱ་མི་མངོན་པར་གྱུར་ཡོད་པ་མ་ཟད། ད་ལྟ་ད་དུང་གར་ཡོད་ཅི་ཆགས་ཀྱི་གནས་སྟངས་སུས་ཀྱང་ཤེས་རྟོགས་མེད་པ་ཆགས་ཡོད།

སྐུ་ཞབས་ལིའུ་ཞོ་པོ་མཆོག་ལ་ ༢༠༡༠ ལོར་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་དང་། ཉིན་དེ་ནས་བཟུང་རྒྱ་ནག་གཞུང་གིས་ལྕམ་ལིའུ་ཞཱ་ལགས་སུ་ནག་ཉེས་གང་ཡང་མེད་བཞིན་དུ་བཀག་ཉར་བཟང་བཙོན་འོག་བཞག་ཡོད་སྟབས། ཨ་རི་དང་ཡུ་རོབ་གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ཀྱིས་རྒྱ་ནག་གཞུང་ལ་ལིའུ་ཞཱ་ཀློད་གྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡོད།

རྒྱ་ནག་གཞུང་ཕྱོགས་ནས་ལིའུ་ཞཱ་ཡིས་རང་དབང་གི་འཚོ་བ་རོལ་བཞིན་ཡོད་ཀྱང་། ཁོང་མོའི་ཁྱོ་ག་གློ་བུར་འདས་གྲོངས་སུ་ཕྱིན་པའི་དབང་གིས་སེམས་སྡུག་ཆེན་པོ་བྱེད་ཀྱིན་ཡོད་སྟབས། གྲོགས་པོ་གྲོགས་མོ་དང་ཁྲིམས་རྩོད་སོགས་མི་གཞན་སུ་ལའང་ཐུག་འདོད་མེད་སྐོར་བརྗོད་འདུག

ནོ་བྷེལ་གཟེངས་རྟགས་ཚོགས་པས་གསལ་བསྒྲགས་སྤེལ་ཏེ། སྐུ་ཞབས་ལིའུ་ཞོ་པོ་ཡི་ཤུལ་ལུས་ལིའུ་ཞཱ་ཡི་ལུས་སེམས་གནས་སྟངས་ལ་ཐུགས་འཁུར་ཆེན་པོ་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་བཟང་བཙོན་འོག་ཉེན་རྟོག་པ་དང་དམག་མི་མང་པོས་ལྟ་རྟོག་ནན་པོའི་འོག་གནས་ཡོད་སྟབས་སེམས་ངལ་ཆེན་པོའི་ནང་ལྷུང་ཡོད་སྐོར་སོགས་བརྗོད་འདུག ད་དུང་རྒྱ་ནག་གཞུང་ལ། ལིའུ་ཞཱ་ལགས་ལ་དམ་དྲག་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པ་དང་། གལ་ཏེ་ཁོང་མོར་འདོད་པ་ཡོད་ན་ཕྱི་རྒྱལ་གང་རུང་ཞིག་ལ་བསྐྱོད་ཆོག་པའི་གོ་སྐབས་སྤྲོད་དགོས་པ་སོགས་ཀྱི་རེ་འདུན་བཏོན་འདུག

སྐུ་ཞབས་ལིའུ་ཞཱོ་པོ་ལགས་སྔོན་ཆད་རྒྱ་ནག་གི་གཙུག་ལག་སློབ་ཁང་ཞིག་གི་དགེ་རྒན་ཆེན་མོ་ཡིན་ཡང་། རྗེས་སུ་ཁོང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཞིག་ཆགས་ཡོད་པ་དང་། ༡༩༨༩ ལོའི་ཟླ་ ༦ པར་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་ཚོས་སྲིད་གཞུང་ལ་ངོ་རྒོལ་བྱས་སྐབས། རྒྱ་ནག་གཞུང་གི་དྲག་པོའི་དམག་དཔུང་གིས་སློབ་ཕྲུག་རྣམས་དྲག་གནོན་སྡེབ་གསོད་བྱས་སྐབས། ལིའུ་ཞོ་པོ་ཡིས་སློབ་མ་མང་པོ་ཞིག་གི་ཚེ་སྲོག་བསྐྱབས་ཡོད་འདུག དེའི་རྗེས་རྒྱ་ནག་གཞུང་གིས་གནས་ཚུལ་དེར་ཁ་གཡར་ཏེ་ལིའུ་ཞོ་པོ་ལ་ལོ་ ༡༡ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ༢༠༠༩ ལོར་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡང་། རྗེས་སུ་ཁོང་གིས་རྒྱལ་ཁབ་མགོ་རྟིང་སློག་པའི་ཇུས་ངན་གཤོམ་གྱི་ཡོད་ཚུལ་བརྗོད་དེ་སླར་ཡང་བཙོན་འཇུག་བྱས་ཡོད།

སྐུ་ཞབས་ལིའུ་ཞོ་པོ་མཆོག་གིས་དུས་ཡུན་རིང་པོར་འཚེ་མེད་ཞི་བའི་ཐོག་ནས་རྒྱ་ནག་མི་མང་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འཐབ་རྩོད་གནང་ཡོད་སྟབས། ༢༠༡༠ ལོར་ཁོང་ལ་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་ཁོང་ནོར་ཝེ་རྒྱལ་ཁབ་ཏུ་ཞི་བདེའི་གཟེངས་རྟགས་དངོས་སུ་བཞེས་པར་ཕེབས་བཅུག་མེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༠༤

Leave a Reply

One thought on “སྐུ་ལྕམ་ལིའུ་ཞཱ་མཐོང་རྒྱུ་མེད་པ་ཆགས་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    དམངས་གཙོ་གཅིག་བསྡུད་གྲལ་རིམ་དབང་བསྒྱུར་འོག་།
    རང་ལྟ་ཕྱོགས་ལྷུངས་འགོ་འདྲེན་ཕྱོགས་གཏོགས་འོག་།
    ཆོས་མེད་གུང་ཁྲན་དམར་གཞུང་བཀའ་བཙན་འོག་།
    ཞི་བའི་མི་མང་སྒོ་གསུམ་རང་དབང་འཕྲོག་།