གསར་བརྗེའི་སྣེ་འཁྲིད་པ་སློབ་མ་གསུམ་ལ་ཁྲིམས་ཐག་བཅད།

ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་གི་ཆར་གདུགས་གསར་བརྗེ་ལས་འགུལ་ལ་སྣེ་ཁྲིད་བྱས་བའི་ཉེས་མིང་འོག་དམངས་གཙོ་དོན་གཉེར་བ་སློབ་ཕྲུག་གསུམ་ལ་ཁྲིམས་ཐག་བཅད།

ཁ་སང་ཧོང་ཀོང་ཁྲིམས་ཁང་གིས་ཕྱི་ལོ་༢༠༡༤ ལོར་ཁྲིམས་འགལ་ཐོག་མི་མང་འདུ་འཛོམས་ཀྱིས་ཆར་གདུགས་གསར་བརྗེ་ལས་འགུལ་སྤེལ་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱས་བའི་ཉེས་མིང་འོག ལས་འགུལ་གྱི་སྣེ་འཁྲིད་པ་དང་། མཐོ་རིམ་སློབ་ཕྲུག་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་རང་ལོ་ ༢༠ ཡིན་པ་ཅཱོ་ཧྲ་བོང་(Joshua Wong)ལ་ཟླ་ ༦ དང་། ཚོགས་གཞོན་ཨ་ལེ་ཁུ་སི་ཆའོ་(Alex Chow)ལ་ཟླ་ ༧། ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་འཐུས་མི་ཟུར་པ་ནཱ་ཐན་ལཱའོ་(Nathan Law)ལ་ཟླ་ ༨  བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཧོང་ཀོང་ཁྲིམས་ཁང་གིས་སློབ་ཕྲུག་མགོ་ཁྲིད་དེ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་སྐབས།  དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་མི་མང་པོ་ཞིག་གིས་ཧོང་ཀོང་ཁྲིམས་ཁང་གི་ཐག་གཅོད་ལ་སྐྱོན་བརྗོད་བྱས་ཡོད་པ་དང་།  ཁོ་ཚོས་ཧོང་ཀོང་སྲིད་གཞུང་གིས་ན་གཞོན་སློབ་ཕྲུག་མགོ་ཁྲིད་ཚོ་འཛིན་བཟུང་བྱས་ཏེ། མ་འོངས་པར་ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་སྤེལ་མཁན་དང་། ན་གཞོན་ཚོར་ཆབ་སྲིད་ཀྱི་སྲིད་དབང་བཀག་འགོག་བྱེད་ཐབས་བྱས་སོང་ཞེས་སྲིད་གཞུང་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་སྐོར་བརྗོད་ཡོད་ཀྱང་། ཧོང་ཀོང་སྲིད་གཞུང་གིས་ཉེས་ཅན་འཛིན་བཟུང་བྱས་བར་ཆབ་སྲིད་ཀྱི་དམིགས་འབེན་གང་ཡང་མེད་ཅེས་ལན་འདེབས་བྱས་ཡོད་འདུག

ཅཱོ་ཧྲ་བོང་བཙོན་འཇུག་མ་བྱས་སྔོན་ཏག་ཏག་དེར་ཁོས་ཊོའུ་ཊིར་ནང་།  ཧོང་ཀོང་སྲིད་གཞུང་གིས་ང་ཚོ་བཙོན་འཇུག་བྱས་ཏེ། ང་ཚོའི་ལས་འགུལ་སྤེལ་མཚམས་འཇོག་ཐུབ་པ་མ་ཟད།  ང་ཚོ་གྲོས་ཚོགས་ལས་ཕྱིར་འཕུད་གཏོང་ཐུབ་ཀྱང་། ཁོ་ཚོས་ཧོང་ཀོང་མི་མང་གི་ཡིད་སེམས་འགུག་མི་ཐུབ་ཅེས་དང་། མཐའ་མཇུག་དེར་ང་ཚོ་མགྱོགས་མྱུར་ངང་མཇལ་ཡོང་ཞེས་སོགས་བཀོད་ཡོད་པ་རེད།

ཧོང་ཀོང་ཉེན་རྟོག་པས་དམངས་གཙོ་དོན་གཉེར་བ་སློབ་ཕྲུག་གསུམ་འཛིན་བཟུང་བྱས་པ་དེས་ཧོང་ཀོང་མི་མང་སྟོང་ཕྲག་མང་པོ་ཁོང་ཁྲོ་དང་བཅས་སྲང་ལམ་དུ་ཡོང་སྟེ་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་།  ཧོང་ཀོང་ཁྲིམས་ལུགས་ལྟར་ན།  མི་སུ་ཞིག་ཟླ་ ༣ ལས་ལྷག་རིང་བཙོན་འཇུག་བྱས་མྱོང་ཡོད་ཚེ།  འབྱུང་འགྱུར་ལོ་ ༥ རིང་ཧོང་ཀོང་གི་ས་གནས་འོས་བསྡུར་འཛུལ་ཞུགས་བྱེད་ཆོག་པའི་ཐོབ་ཐང་མེད་པ་བཟོས་ཡོད་སྟབས། ད་ལྟ་ཅཱོ་ཧྲ་བོང་གཙོས་སློབ་ཕྲུག་མགོ་ཁྲིད་གསུམ་འཛིན་བཟུང་བྱས་བ་དེས་མ་འོངས་ལོ་ལྔའི་རིང་ཁོ་ཚོའི་ཆབ་སྲིད་ཀྱི་འགྲོ་ལམ་བཀག་སྡོམ་བྱས་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ལྷན་ཁང་གིས་ཧོང་ཀོང་སྲིད་གཞུང་ནས་སློབ་ཕྲུག་མགོ་ཁྲིད་གསུམ་གྱི་སྨྲ་བརྗོད་རང་དབང་ལ་རྡོག་རོལ་བཏང་སྟེ་འཁོན་ལན་སློག་པ་ལྟ་བུའི་ཁྲིམས་ཐག་བཅད་སོང་ཞེས་སྐྱོན་བརྗོད་བྱས་ཡོད་ཀྱང་།  ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གིས་ང་ཚོས་སློབ་ཕྲུག་གསུམ་ནས་ཁྲིམས་འགལ་བྱས་རྐྱེན་འཛིན་བཟུང་བྱས་ཡོད་པ་ལས་ཆབ་སྲིད་དང་འཁོན་ལན་གྱི་རྒྱབ་ལྗོངས་གང་ཡང་མེད་པ་མ་ཟད།  ཧོང་ཀོང་ནང་སྨྲ་བརྗོད་རང་དབང་སྔར་བཞིན་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་མགོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་མཛད་སྒོའི་ཐོག་བསླེབས་སྐབས། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་གིས་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་ཐབས་བྱས་ཡོད་ཀྱང་།  སྐབས་དེར་ལས་འགུལ་བ་མང་པོ་ཞིག་གཞུང་གིས་འཛིན་བཟུང་བྱས་སྟབས།  ཞི་ཅིན་ཕིན་གྱི་འགྲམ་དུ་རྒྱུགས་ཏེ་ངོ་རྒོལ་བྱེད་ཐུབ་མཁན་གཅིག་ཀྱང་བྱུང་མེད་པ་རེད།  དེའི་རྗེས་རིམ་བཞིན་རྒྱ་ནག་གིས་ཧོང་ཀོང་ནང་ཆབ་སྲིད་ཀྱི་གནོན་ཤུགས་ཆེ་རུ་བཏང་སྟེ།  སྐབས་དེར་ཞི་ཅིན་ཕིན་ལ་ངོ་རྒོལ་གྱི་ལས་འགུལ་སྣེ་འཁྲིད་པ་དང་གྲོས་ཚོགས་འཐུས་མི་ནཱ་ཐན་ལཱའོ་གཙོས་དམངས་གཙོའི་མཐུན་ཕྱོགས་ཀྱི་ཁྲིམས་བཟོ་བ་བཞི་གྲོས་ཚོགས་ནས་ཕྱིར་འཕུད་བཏང་ཡོད་པ་རེད།

རྒྱ་ནག་གི་གནད་དོན་ལྟ་ཞིབ་པ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མཱ་ཁའོ་རོ་བྷོ་(Marco Rubio)ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ།   ཁོས་ཅཱོ་ཧྲ་བོང་གཙོས་སློབ་ཕྲུག་མགོ་ཁྲིད་གསུམ་འཛིན་བཟུང་བྱས་པ་ནི་ཆབ་སྲིད་ཀྱི་གཉའ་གནོན་ཞིག་ཡིན་པ་མ་ཟད།  ཧོང་ཀོང་མི་མང་གིས་རང་དབང་ཁོ་ནར་བསམ་པའི་རང་སྲིད་རང་སྐྱོང་ཡང་གཡང་གཟར་ཞིག་ཏུ་ལྷུང་ཡོད་ཅེས་དང་།  རྒྱ་ནག་གིས་ཧོང་ཀོང་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་མངོན་གསལ་དོད་པོའི་ཐོག་ཐེ་གཏོགས་བྱེད་བཞིན་ཡོད་པ་དེས། རྒྱ་ནག་གཞུང་ལ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྤེལ་བའི་མ་འོངས་པའི་མི་རབས་རྗེས་མ་དེ་རྩ་འགོག་བྱེད་འདོད་ཡོད་པ་དང་།  རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལའང་ཁྱད་གསོད་གཏོང་བའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་སོགས་བརྗོད་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༨/༢༤

Leave a Reply

One thought on “གསར་བརྗེའི་སྣེ་འཁྲིད་པ་སློབ་མ་གསུམ་ལ་ཁྲིམས་ཐག་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱུར་བཅོས་ཐམས་བཅས་གསར་བརྗེ་མིན་།
    མི་མང་གི་མངོན་འདོད་དང་མཐུན་ན་གསར་བརྗེ་རེད་།