དགེ་རྒན་ཡང་ཡང་བརྗེས་པ་དེས་སློབ་མར་དོ་ཕོག་གཏོང་བཞིན་འདུག

བཙན་བྱོལ་བོད་མི་མང་པོ་ཞིག་གིས་ཤེས་ཡོན་སྲིད་ཇུས་དེ་བོད་ཀྱི་སྐད་ཡིག་ཁོ་ནར་དམིགས་ཏེ་གཏན་འབེབས་བྱས་པ་རེད་བསམ་པའི་ལོག་རྟོགས་འདུག་ཟེར།

དེ་རིང་ཉིན་གུང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཏུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་པའི་ལས་ཉིན་གསུམ་པའི་ཐོག གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་བོད་དགེ་བསམ་གྲུབ་ལགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ཇུས་དང་། བོད་ཀྱི་མ་འོངས་པའི་མདུན་ལམ་ཐོག་གཏམ་བཤད་གནང་སོང་།

རྒན་བསམ་གྲུབ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རེ་འདུན་བཏོན་པ་ལྟར། བོད་ཀྱི་ཤེས་ཡོན་སྲིད་ཇུས་དེ་ ༢༠༠༦ ལོ་ནས་མགོ་བཙུགས་ཏེ་རིམ་གྱིས་སམ་བྷོ་ཊའི་སློབ་གྲྭ་ཁག་དང་། དྷ་སྟེང་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག དེ་བཞིན། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་བཅས་ཀྱི་ནང་ལག་བསྟར་མགོ་བཙུགས་ཐུབ་ཡོད་པ་མ་ཟད། བལ་ཡུལ་གངས་ཅན་བདེ་རྩའི་འགན་འཛིན་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་ཤེས་ཡོན་སྲིད་ཇུས་ཟབ་སྦྱོང་ལ་མཉམ་ཞུགས་གནང་སྟེ། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ལའང་བོད་ཀྱི་ཤེས་ཡོན་སྲིད་ཇུས་ལམ་སྟོན་གནང་སྟེ་ལག་བསྟར་བྱས་དང་བྱེད་མུས་ཡིན་སྐོར་དང་། དེ་བཞིན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་ཤེས་ཡོན་སྲིད་ཇུས་དེར་ལོག་རྟོགས་ཅིག་ཡོད་པ་ནི། བོད་ཀྱི་སྐད་ཡིག་ཁོ་ན་ཡར་རྒྱས་གཏོང་བར་དམིགས་པ་ལྟ་བུ་མཐོང་གི་ཡོད། དེ་ནི་ཤེས་ཡོན་སྲིད་ཇུས་སྐོར་ལ་ལེགས་པར་མ་ཤེས་པའི་རྟགས་རེད། ཤེས་ཡོན་སྲིད་ཇུས་ཀྱི་ཁོངས་གཏོགས་སློབ་གྲྭ་ཁག་གི་འཛིན་རིམ་གསུམ་པ་བར་དུ་བོད་ཀྱི་སྐད་ཡིག་གཅིག་པུ་བསླབ་ཀྱི་ཡོད་ཀྱང་། འཛིན་རིམ་བཞི་པ་ནས་སྐད་ཡིག་གཉིས་པ་བསླབ་མགོ་ཚུགས་པ་དང་། དེ་ནས་འཛིམ་རིམ་དྲུག་པ་ནས་སྐད་ཡིག་གསུམ་པ་བསླབ་མགོ་ཚུགས་ཀྱི་ཡོད་པ་མ་ཟད། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ཚན་རིག་སློབ་ཚན། སྤྱི་ཚོགས་རིག་གནས། རྫས་སྦྱོར་རིག་པ་སོགས་ཤེས་བྱའི་སྒྲོམ་གཞི་ཡོངས་སུ་རྫོགས་པ་གཏན་འབེབས་གནང་ཡོད་སྐོར་བརྗོད་སོང་།
ཐོག་མར་ཤེས་ཡོན་སྲིད་ཇུས་ལག་ལེན་བསྟར་སྐབས་དཀའ་ངལ་སྣ་ཚོགས་ཤིག་ལ་གདོང་ལེན་བྱས་དགོས་བྱུང་ཡོད་སྐོར་ལ་དགེ་བསམ་གྲུབ་ལགས་ཀྱིས། དགེ་རྒན་གྱི་ཐོག་ནས་དཀའ་ངལ་ཡོད་པ་ནི། སློབ་གྲྭ་ཁག་གི་དགེ་རྒན་ཚོས་དེ་སྔོན་ཤེས་ཡོན་སྲིད་ཇུས་ཀྱི་ལམ་སྟོན་འོག་སློབ་ཁྲིད་བྱས་མྱོང་མེད་སྟབས། གློ་བུར་དུ་ཤེས་ཡོན་སྲིད་ཇུས་ལག་ལེན་བསྟར་དུས་ཉམས་མྱོང་གིས་མ་འདང་བའི་དཀའ་ངལ་གཅིག་དང་། བོད་ཀྱི་སྐད་ཡིག་ཐོག་ཤེས་ཡོན་སྲིད་ཇུས་དང་མཐུན་པའི་སློབ་ཚན་ཆ་ཚང་བསླབ་ཐུབ་མཁན་དགེ་རྒན་མ་རག་པ་དེའང་དཀའ་ངལ་ཞིག་ཆགས་བསྡད་ཡོད་ལ། རྒྱ་གར་གྱི་མངའ་སྡེ་སོ་སོར་སྐད་ཡིག་ཡོད་པ་བཞིན། རྒྱ་གར་སློབ་ཕྲུག་ཚོས་འཛིན་རིམ་ ༡༠ དང་ ༡༢ རྒྱལ་ཡོངས་ཡིག་རྒྱུག་སྐབས་མངའ་སྡེ་རང་ཁོངས་ཀྱི་སྐད་ཡིག་ཐོག་ཡིག་རྒྱུག་གཏོང་ཆོག་གི་ཡོད་ཀྱང་། ང་ཚོ་བོད་ཕྲུག་ཚོས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུག་ཏུ་སྤྱི་ཚོགས་རིག་གནས། ཚན་རིག དེ་བཞིན། ཨང་རྩིས་སོགས་སློབ་ཚན་ཁག་བོད་ཡིག་ཐོག་ཡིག་རྒྱུག་གཏོང་ཆོག་པ་བཟོ་ཐུབ་ཀྱི་མེད་པ་དེའང་ད་ལྟ་དཀའ་ངལ་གཅིག་ཆགས་བསྡད་ཡོད་པ་མ་ཟད། བོད་པའི་ཕ་མ་ཡིན་ནའང་རང་གི་ཕྲུ་གུའི་ཚེ་འདིའི་ལྟོ་གོས་གལ་ཆེན་པོར་བརྩི་བཞིན་པ་དེ་ཤེས་ཡོན་སྲིད་ཇུས་ལ་འགོག་རྐྱེན་ཅུང་ཟད་ཅིག་ཆགས་བསྡད་ཡོད་པའི་སྐོར་བརྗོད་སོང་།
ཤེས་ཡོན་སྲིད་ཇུས་ནི་དོན་ཚན་བཅོ་ལྔའི་ཁོངས་སུ་འདུས་ཀྱི་ཡོད་པ་དང་། འདི་ག་གསར་འགོད་པས་དོན་ཚན་དེ་དག་ལས་གང་ཞིག་ལག་བསྟར་བྱེད་པར་དཀའ་ངལ་ཆེ་ཤོས་འཕྲད་བཞིན་ཡོད་དྲིས་པར། རྒན་བསམ་གྲུབ་ལགས་ཀྱིས་སྐད་ཡིག་གི་བརྒྱུད་ལམ་ཐོག་ད་དུང་ཡང་གོམ་པ་རྒྱག་མ་ཐུབ་པར་དཀའ་ངལ་འཕྲད་བཞིན་ཡོད། སྤྱིར་དེའི་ཐོག་ཏུ་གོམ་པ་རྒྱག་བཞིན་ཡོད་ཀྱང་གོམ་པ་ཤུགས་ཆེན་པོ་རྒྱག་ཐུབ་ཀྱི་ཡོད་པ་མ་རེད། དཔེར་ན། ད་ལྟ་འཛིན་རིམ་ ༦ ནས་ ༨ བར་སྤྱི་ཚོགས་རིག་གནས་དེ་བོད་ཡིག་གི་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད་ཀྱང་། སློབ་ཚན་ཆ་ཚང་བོད་ཡིག་ཐོག་སློབ་ཁྲིད་བྱེད་ཀྱི་མེད། འོན་ཀྱང་། ག་ལེར་ཡར་རྒྱས་དང་གོམ་པ་མདུན་སྤོ་བྱེད་ཀྱི་ཡོད་པ་རེད། དཀའ་ངལ་གཞན་ཞིིིག་ནི། དགེ་རྒན་རྣམས་སློབ་གྲྭའི་ནང་ལོ་གཅིག་གཉིས་དགེ་རྒན་བྱས་ཏེ་ཕྱི་རྒྱལ་ཁག་ལ་འགྲོ་སྐབས་དེའི་ཚབ་ཏུ་དགེ་རྒན་གསར་པ་བསྐོ་བཞག་བྱེད་དགོས་སྟབས། ཡང་ཡང་དགེ་རྒན་བརྗེ་ལེན་བྱས་ན་སློབ་ཕྲུག་གི་སློབ་སྦྱོང་ལ་དོ་ཕོག་འགྲོ་བཞིན་འདུག སྤྱིར་དེ་འདྲའི་དཀའ་ངལ་ནི་སློབ་གྲྭ་གཅིག་པུར་འཕྲད་ཀྱི་ཡོད་པ་མ་རེད། དེང་སང་བཙན་བྱོལ་སྤྱི་ཚོགས་ཀྱི་ཚོགས་པ་ཁག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གང་ལའང་སྲི་ཞུ་ལས་བྱེད་ཕྱི་རྒྱལ་དུ་འགྲོ་བ་དེས་ལས་ཀར་འཐུས་ཤོར་འགྲོ་བཞིན་ཡོད་པ་རེད་ཅེས་བརྗོོོོད་བྱུང་།
གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༡༩

Leave a Reply

3 thoughts on “དགེ་རྒན་ཡང་ཡང་བརྗེས་པ་དེས་སློབ་མར་དོ་ཕོག་གཏོང་བཞིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    ཤེས་ཡོན་སྲིད་བྱུས་སམ་ཤེས་ཡོན་སློབ་གསོ་གང་ལྟར་བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཚད་ཉམས་ཆགས་འགྲོ་བཞིན་པ་ནི་གཡས་ཁག་གཡོན་དཀྲི་དང་གཡོན་ཁག་གཡས་དཀྲི་གང་བྱས་རུང་རི་ལུག་པ་ཐག་པས་མི་འདུས་ཟེར་བའི་དཔེ་ལྟར་ད་ནི་ང་ཚོའི་ན་གཞོན་ཚང་མ་ཁ་ནུབ་ཕྱོགས་སུ་བལྟས་ནས་ཕུར་མཁན་ཤ་སྟག་རེད་འདུག་པ་འདི་ནི་བོད་མི་གཅིག་སྟོང་ཨ་རིར་གཞིས་གཏོང་གནང་བའི་སྒྲུབ་འབྲས་རེད་ལ་འདིའི་གྱོང་གུན་ཡང་ནམ་ཡང་སུབ་དཀའ་བའི་བོད་དང་འབྲེལ་བའི་ལོ་རྒྱུས་ནང་ལྷག་ནས་མ་འོང་བོད་ཀྱི་གསོན་རྩའི་ཁ་ཕྱོགས་དང་མདུན་ལམ་ལ་བཀག་རྡོ་ཆེན་པོ་ཞིག་མ་རེད་དམ་?

  2. བོད་ཀྱི་དུས་བབ། ༢༠༡༣/༡༡/༢༡
    བོད་ཁྱིམ་ཤེས་ཡོན་འགན་འཛིན་བསོད་ནམས་སྒྲོལ་དཀར་ལགས་སུ་བཅར་འདྲི་ཞུས་པར། ཁོང་མོས་བརྗོད་དོན “སློབ་མའི་འདུ་འཛོམས་སར་སློབ་མ་ཞིག་གི་དཔུང་པའི་སྟེང་ཁབ་གཙགས་རི་མོ་བརྐོས་ཡོད་པ་ཨང་རྩིས་རྒན་ལགས་ཀྱིས་མཐོང་སྟེ། ཁབ་གཙགས་རི་མོ་འགེབས་དགོས་ལུགས་ལབ་འདུག སྐབས་དེར་སློབ་མ་དེས་རྣམ་འགྱུར་མི་ལེགས་པ་བསྟན་སྟབས། དགེ་རྒན་དགོངས་པ་འཚོམས་ཏེ་སློབ་ཕྲུག་དེར་ཉེས་རྡུང་བཏང་འདུག སྤྱིར་བཏང་ལུས་ལ་ཁབ་གཙགས་རི་མོ་བརྐོ་བ་དང་མགོའི་སྐྲ་འདྲ་མི་འདྲ་བཟོ་བ། ལུས་གང་སར་ཁུང་བུ་ཕུག་པ་སོགས་སློབ་གྲྭའི་སྒྲིག་སྲོལ་དང་འགལ་གྱི་ཡོད་པ་རེད་ལ། དེ་དག་བོད་པའི་ལུགས་སྲོལ་ཞིག་ཀྱང་མ་རེད། ང་ཚོས་སོ་སོའི་ཡ་རབས་བཟང་སྤྱོད་དོར་ཏེ་ཕྱི་རྒྱལ་གྱི་སྨྱོན་པའི་བྱ་སྤྱོད་རིགས་ལ་ལད་ཟློས་བྱས་ན་ཡག་པོ་མ་རེད”ཅེས་བརྗོད་སོང༌།

    སློབ་མ་དེའི་ནམ་རྒྱུན་གྱི་སྤྱོད་པ་ག་འདྲ་ཡོད་དྲིས་པར། “སྤྱིར་བཏང་སློབ་མ་དེར་སྒྲིག་འཛུགས་ཀྱི་ཐོག་ནས་དཀའ་ངལ་མང་པོ་བྱུང་ཡོད་སྟབས། དངོས་གནས་བྱས་ན་འཛིན་རིམ་བརྒྱད་པའི་སྐབས་སློབ་གྲྭ་ནས་ཐོན་དགོས་ཀྱི་ཡོད་པ་རེད། ཡིན་ནའང༌། རྒྱུ་རྐྱེན་དེ་ཚོ་ངས་ཞིབ་ཕྲ་ཞུ་རྒྱུ་མིན། གང་ཡིན་ཟེར་ན། ཁོ་རང་གི་ཕ་མ་ལ་དཀའ་ངལ་འཕྲད་ངེས་རེད། གང་ལྟར་སློབ་མ་དེ་བོད་ཕྲུག་ཅིག་དང་ང་ཚོའི་སློབ་གྲྭའི་ནང་ནས་འཚར་ལོངས་བྱུང་བའི་སློབ་མ་ཞིག་ཡིན་སྟབས། སློབ་གྲྭའི་ངོས་ནས་ཁོ་རང་ལ་འཛིན་རིམ་ ༩ དང་ ༡༠ པའི་གོ་སྐབས་སྤྲད་དེ་གང་བྱུང་བྱུང་ཐབས་ཤེས་བྱས་དང་བྱེད་མུས་ཡིན།”ཞེས་བརྗོད་བྱུང༌།

    དགེ་རྒན་གྱིས་སློབ་མར་ཉེས་རྡུང་བཏང་བ་དེར་སློབ་གྲྭས་ཐག་གཅོད་ག་རེ་གནང་ཡོད་མེད་དྲིས་པའི་ལན་དུ། “སྤྱིར་བཏང་དགེ་རྒན་གྱིས་སློབ་མར་ཉེས་རྡུང་གཏོང་བ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་ལ། རྒྱ་གར་གཞུང་གི་ཁྲིམས་ལའང་འགལ་གྱི་ཡོད་པ་རེད། དེ་བཞིན་ྋརྒྱལ་བ་རིན་པོ་ཆེ་དང་ཨ་མ་ལགས་བཅས་ཚང་མས་དེའི་སྒང་ལ་བཀའ་སློབ་ཞེ་དྲག་གནང་གི་ཡོད་སྟབས། ང་ཚོས་ཁྲིམས་དང་བཀའ་སློབ་དེ་དག་བསྒྲུབ་དགོས་པར་བརྟེན། ལོ་ཤས་སྔོན་འཛིན་སྐྱོང་ཚོགས་འདུའི་ཐོག་དགེ་རྒན་གྱིས་སློབ་མར་ཉེས་རྡུང་བཏང་ན། དགེ་རྒན་གྱི་ཟླ་གཅིག་གི་གསོལ་ཕོགས་མེད་པ་བཟོ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད། སྔོན་ཆད་སློབ་གྲྭ་ཁ་ཤས་ནང་དཀའ་ངལ་དེ་འཕྲད་ཡོད་པ་རེད་ལ་ཐག་གཅོད་ཀྱང་དེ་རང་གནང་ཡོད་པ་རེད། དགེ་རྒན་ཁ་ཤས་ཀྱིས་མོས་མཐུན་གནང་གི་མེད་ཀྱང་ཕྱོགས་གཉིས་ཀའི་འདོད་ཐོག་ལ་ཡོང་བ་ཞིག་ཁག་པོ་ཡིན་དུས་སྒྲིག་གཞི་དེ་རང་ལག་བསྟར་བྱས་པ་རེད”ཅེས་བརྗོད་སོང༌།

  3. དགེ་རྒན་བསྡད་མི་ཐུབ་དེ་གང་འདྲའི་བྱུང་པ་རེད།མ་འོང་བོད་ཀྱི་སོན་རྩ་ཞེས་མི་སྙིང་རྗེ་མོ་ཞིག་བཏགས་ནས་བཞག
    གལ་ཏེ་དགེ་རྒན་ཀྱི་རྟོག་ཙམ་རྡུང་སོང་ན་།ཨ་མ་རྗེ་བཙུན་དཔལ་མོ་ལ་ཞུ་ཡི་ཡིན་ཟེར་ཡང་ན་བོད་ཁྱིམ་ཡིག་ཚང་་ལ་བསམ་འཆར་ཡང་དགེ་རྒན་གྱི་འགྲིག་གི་མི་འདུག་ཞུས་པ་ཡིན་ན་དགེ་རྒན་ལ་ཆད་པ་སྤྲད་དགོས་ཀྱི་ཡོད་རིམ་བཞིན་ཐེངས་གསུམ་རྗེས་ལ་དགེ་རྒན་རང་ཉིད་རྩ་དགོས་འགྲོ་དགོས་བཟོས་ཡོད།
    གོས་ཐོས་བྱས་ན་སྔོན་མ་རིག་གསར་སྐབས་སློབ་ཕྲུག་གི་དགེ་རྒན་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་གོ་རྒྱུ་འདུག
    བྱས་ཙམ་གནས་སྟངས་དེ་འདྲའི་ཞིག་གི་འོག་ནས་དགེ་རྒན་དག་ལམ་གཞན་ཞིག་མ་བཙལ་ཐབས་མེད་རེད།