བོད་ཀྱི་སློབ་གསོའི་གནས་རིམ་གྱི་གོ་མིང་གཅིག་གྱུར་མ་ཡོང་བའི་རྒྱུ་མཚན་གསུམ། 

འབུམ་རམས་པའི་སློབ་མ་གཉན་ཐར་ལགས་ཀྱིས། བོད་ཕྱི་ནང་གི་སློབ་གསོའི་གནས་རིམ་གྱི་གོ་མིང་གཅིག་གྱུར་མ་ཡོང་བའི་རྒྱུ་མཚན་གསུམ་སྟེ། འགྱུར་ལ་ངོས་ལེན་མེད་པ་དང་། གསར་གཏོད་ཀྱི་ཁ་ཕྱོགས་མ་འདྲ་བ། བཀོལ་སྤྱོད་མ་ཐུབ་པ་བཅས་ལ་ཐུག་ཡོད་པ་དང་། གཅིག་གྱུར་ཡོང་ཐབས་གཙོ་བོ་གསུམ་ནི་གོ་མིང་གཏན་འབེབས་དང་ཁྱབ་བསྒྲགས། བཀོལ་སྤྱོད་བཅས་ཡིན་སྐོར་བརྗོད་སོང་།

དེ་རིང་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་པའི་ལས་ཉིན་གསུམ་པའི་དཔྱད་གླེང་ཐོག འབུམ་རམས་པའི་སློབ་མ་གཉན་ཐར་ལགས་ཀྱིས་བོད་ཕྱི་ནང་གི་སློབ་གསོའི་གནས་རིམ་གྱི་གོ་མིང་གཅིག་གྱུར་མེད་པའི་སྐོར་ལ། བཙན་བྱོལ་ནང་གཞི་རིམ་སློབ་གནས་ཁག་སོ་སོར་འབྱེད་སྟངས་དང་མིང་འདོགས་ཚུལ་ནི། འཛིན་གྲྭ་བརྒྱད་པ་བར་དུ་གཞི་རིམ་བར་མ་ལོ་གསུམ་དང་། འཛིན་གྲྭ་བཅུ་གཉིས་བར་གཞི་རིམ་གོང་མ་ལོ་བཞི། འཛིན་གྲྭ་བཅུ་གཉིས་འོག་གི་སློབ་གསོའི་གནས་རིམ་ལ་སྔོན་འགྲོ་དང་། གཞི་རིམ་འོག་མ། གཞི་རིམ་བར་མ། གཞི་རིམ་གོང་མ་བཅས་མིང་བཏགས་ཡོད་པ་དང་། དེ་ནི་སློབ་གསོའི་རྨང་གཞིའི་གོ་རིམ་དང་དེའི་སྔོན་འགྲོ་བཅས་ཀྱི་ངོ་བོའི་ཆ་ནས་བཏགས་པ་ཞིག་ཡིན་པ་དང་། བོད་ནང་དུ་གཞི་རིམ་གྱི་སློབ་གསོའི་གནས་རིམ་སོ་སོར་འབྱེད་སྟངས་དང་དེའི་མིང་འདོགས་ཚུལ་ནི་བཙན་བྱོལ་དང་མི་འདྲ་བར། སྤྱིའི་ཆ་ནས་འཛིན་གྲྭ་དྲུག་པ་བར་སློབ་ཆུང་དང་། དེ་ནས་དམའ་འབྲིང་ལོ་གསུམ། མཐོ་འབྲིང་ལོ་གསུམ་བཅས་འཛིན་རིམ་བཅུ་གཉིས་སུ་དབྱེས་ཡོད་པ་དང་། དེ་ཡང་རྩ་བའི་ཆ་ནས་གོ་རིམ་གཉིས་ཏེ་སློབ་ཆུང་དང་སློབ་འབྲིང་། སློབ་འབྲིང་ལ་ནང་གསེས་དམའ་འབྲིང་དང་མཐོ་འབྲིང་གཉིས་སུ་དབྱེས་འདུག

དེ་ཡང་རྒྱ་ནག་རྒྱལ་ཡོངས་སུ་སློབ་གསོའི་ལམ་ལུགས་ཧྲིལ་བོར་སློབ་ཆུང་དང་སློབ་འབྲིང་། སློབ་ཆེན་བཅས་དབྱེ་བ་གསུམ་དུ་ཕྱེས་ཡོད་པ་ལས། སློབ་གསོའི་གོ་རིམ་ཧྲིལ་བོ་ཐོབ་པའི་ཚད་གཞི་ནས་མིང་བཏགས་ཡོད་པ་དང་། དེ་བོད་སྐད་ལ་དོན་ཐོབ་ཀྱིས་ཐད་ཀར་བསྒྱུར་ནས་བཀོལ་བ་ཞིག་ཡིན་པ་དང་། རྩ་བའི་ཆ་ནས་མཐོ་རིམ་སློབ་གནས་ཀྱང་རྒྱལ་སྤྱིའི་འགྲོ་སྟངས་ལྟར་བོད་གཞིས་བྱེས་གཉིས་སུ་རྒྱ་དཀར་ནག་སོ་སོའི་སྤྱི་འགྲོས་ཇི་བཞིན་གྱི་དངོས་གཞིའི་སློབ་གསོ་སྟེ། འཛིན་རིམ་བཅོ་ལྔ་འམ་བཅུ་དྲུག་བར་དང་། དེ་ནས་ཞིབ་འཇུག་གི་སློབ་གསོའི་རིམ་པ་གཅིག་བཅས་རིམ་པ་གཉིས་དང་། ཞིབ་འཇུག་གི་རིམ་པར་ཡང་ (MA) ཞིབ་འཇུག་སློབ་མ་དང་། (PhD) འབུམ་རམས་པ་བཅས་གཉིས་སུ་དབྱེས་འདུག

བཙན་བྱོལ་ནང་བོད་ཡིག་གི་ལམ་ནས་ཞིབ་འཇུག་སློབ་གསོའི་མ་ལག་གྲུབ་ཟིན་པའི་སློབ་གྲྭ་ས་རཱ་མཐོ་སློབ་དང་བོད་གཞུང་སྨན་རྩིས་ཁང་། ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གསུམ་ལས་མེད་པ་དང་། དེའི་གྲས་ནས་ས་རཱ་མཐོ་སློབ་ལ་ཞིབ་འཇུག་སློབ་མ་ལས་ཉེ་བའི་འབུམ་རམས་པ་དང་འབུམ་རམས་པའི་མ་ལག་གྲུབ་མེད་པ་དང་། བོད་ནང་དུ་པེ་ཅིན་མི་རིགས་སློབ་ཆེན་ཚུད་པའི་ལྗོངས་ཞིང་ལྔའི་ནང་ཞིབ་འཇུག་གི་མ་ལག་གྲུབ་པའི་སློབ་ཆེན་བརྒྱད་འདུག

དེ་དག་ལས་སློབ་གསོའི་གནས་རིམ་གྱི་གོ་མིང་སྤྱོད་ཚུལ་ཐད་ནས། བཙན་བྱོལ་ནང་ཅུང་རྒྱུགས་ཆེ་བ་ནི་འཛིན་རིམ་གཅུ་གཉིས་ཀྱི་སློབ་གསོའི་གནས་རིམ་གྱི་གོ་མིང་ལ་རབ་འབྱམས་པ་དང་། འཛིན་རིམ་བཅོ་ལྔ་འམ་བཅུ་དྲུག་གང་རུང་ཐོན་པ་ལ་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) དང་། ཞིབ་འཇུག་སློབ་མ་ལ་ (MA) གཙུག་ལག་རབ་འབྱམས་པ། ཞིབ་འཇུག་དང་འབུམ་རམས་པའི་བར་བརྒལ་གྱི་ཉམས་ཞིབ་སློབ་གསོ་ལ་ཉེ་བའི་འབུམ་རམས་པ་ (MPhil) དང་ཆེས་མཐོའི་ཞིབ་འཇུག་སློབ་གསོ་ལ་འབུམ་རམས་པ་བཅས་གོ་མིང་བཏགས་ཡོད་པ་དང་། བོད་ནང་དུ་འཛིན་རིམ་བཅུ་གཉིས་མཐར་ཕྱིན་པ་ལ་མཐོ་འབྲིང་མཐར་ཕྱིན་དང་། དེ་ནས་དངོས་གཞི་མཐར་ཕྱིན་ནམ་སློབ་རམས་པ་ (BA) དང་། ཞིབ་འཇུག་སློབ་མའམ་ཤེས་རམས་པ་ (MA) དང་། ཉེ་བའི་འབུམ་རམས་པའི་སློབ་གསོའི་མ་ལག་ (MPhil) དེ་མེད་འདུག

ཡོངས་གྲགས་སུ་སློབ་གསོའི་གོ་མིང་དེ་དག་ལ་ (BA学士 )དང་། ཉེས་བའི་གཙུག་ལག་རབ་འབྱམས་པ་དང་སློབ་རམས་པ། (MA 硕士)།གཙུག་ལག་རབ་འབྱམས་པ་དང་ཤེས་རམས་པ། (PhD 博士) འབུམ་རམས་པ། ཞེས་འབོད་ཀྱི་ཡོད་ནའང་། དམངས་ཁྲོད་དུ་གོ་མིང་རེ་རེར་འབོད་ཚུལ་སྣ་ཚོགས་ཡོད་པ་དཔེར་ན། ཉེ་བའི་གཙུག་ལག་རབ་འབྱམས་པ་ལ། ༡) ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། ༢) སློབ་རིམ་པ། ༣) རབ་འབྱམས་པ། ༤) དངོས་གཞི། ༥ ) བཀའ་རམས་པ་བཅས་དང་།  གཙུག་ལག་རབ་འབྱམས་པ་ལ། ༡) གཙུག་ལག་རབ་འབྱམས་པ་དང་། ༢) ཤེས་རམས་པ། ༣) སློབ་དཔོན། ༤) ལྷ་རམས་པ། ༥) རབ་འབྱམས་པ་བཅས་འབོད་པ་དང་། དེ་བཞིན། འབུམ་རམས་པ་ལ། ༡) འབུམ་རམས་པ་དང་། ༢) ལྷ་རམས་པ། ༣) རིག་པའི་ཆུ་གཏེར། ༤) མཁས་དབང་། ༥) རབ་འབྱམས་པ་བཅས་སྣ་ཚོགས་ཡོད་སྐོར་བརྗོད་སོང་།

སློབ་གསོའི་གོ་མིང་དེ་དག་གཅིག་གྱུར་རང་བཞིན་མ་ཆགས་པའི་རྒྱུ་མཚན་སྐོར་ལ་ཁོས། སློབ་གནས་གོ་མིང་དེ་ཚོ་དག་སྒྲིག་དང་གཅིག་གྱུར་མ་བྱུང་བར་རྒྱུ་མཚན་མང་པོ་ཡོད་པ་ལས་གཙོ་ཆེ་བའི་དཔེ་མཚོན་གསུམ་ལས་གཅིག་ནི། འགྱུར་ལ་ངོས་ལེན་མེད་པ་དང་། གཉིས། གསར་གཏོད་ཀྱི་ཁ་ཕྱོགས་མ་འདྲ་བ། གསུམ། བཀོལ་སྤྱོད་མ་ཐུབ་པ་བཅས་རྒྱུ་རྐྱེན་གསུལ་ལ་ཐུག་ཡོད་པ་དང་། དེ་ཡང་འགྱུར་ལ་ངོས་ལེན་མེད་པ་དཔེར་ན། ཞིབ་འཇུག་སློབ་མ་ལྟ་བུ་གཞན་སྐད་ལས་ཐ་སྙད་དོན་སྒྱུར་བྱས་པར་བརྟེན་ནས་མི་མང་པོ་ཞིག་གིས་གནའ་བོའི་མཁས་པ་ཚོའི་གོ་མིང་དེ་དང་དེ་ལྟ་བུ་ཡོད་བཞིན་དུ་གསར་པ་དགོས་དོན་མེད་པར་བཤད་པ་དང་། ལ་ལས་སློབ་གསོའི་གནས་རིམ་དང་སྦྱོར་ཐུབ་ཙམ་གྱི་ཐ་སྙད་རེ་ཁྱེར་ཡོང་ནས་འདི་དང་གོ་བ་འདྲ་བོ་ཡིན་པས་ཚབ་བྱས་ན་བཟང་རབས་སོགས་རྩོད་པ་བྱེད་པ་ལས་དོན་ཐོག་ལ་མ་བབས་པ་དང་། དེ་ལྟ་བུའི་རྩོད་པའི་ཁྲོད་དུ་སློབ་མ་དང་མང་ཚོགས་མགོ་འཐོམ་སྟེ་གང་ཞིག་ཡུལ་དུས་རང་བཞིན་དང་མཐུན་མིན་མ་ཤེས་པས། གོ་མིང་སྣ་ཚོགས་བྱུང་བ་དང་། བཀོལ་སྤྱོད་མ་ཐུབ་པ་ནི། བོད་རང་གི་ཚིག་མཛོད་ཁག་ནང་གོ་མིང་གཅིག་གྱུར་རང་བཞིན་བཀོད་མ་ཐུབ་པས། མང་ཚོགས་དང་སློབ་མ། དོ་སྣང་ཅན་ཚོར་གཞི་འཛིན་ས་མེད་པས་གོ་མིང་སྣ་ཚོགས་སུ་གྱུར་བ་ཞིག་ཡིན་སྐོར་བརྗོད་སོང་།

ཡང་གཉན་ཐར་ལགས་ཀྱིས་སློབ་གསོའི་གནས་རིམ་གྱི་གོ་མིང་དེ་དག་གཅིག་གྱུར་ཡོང་ཐབས་སྐོར་ལ། གོ་མིང་གཅིག་གྱུར་ཡོང་ཐབས་གསུམ་ནི་ གོ་མིང་གཏན་འབེབས་དང་ཁྱབ་བསྒྲགས། བཀོལ་སྤྱོད་བཅས་ཡིན་པ་དང་། དེ་ཡང་ཤེས་ཡོན་སློབ་གསོའི་འབྲེལ་ཡོད་སྡེ་ཁག་གིས་སློབ་གསོའི་གནས་རིམ་གྱི་གོ་མིང་གཅིག་གྱུར་གྱིས་གཏན་ལ་འབེབ་རྒྱུ་དང་། གཏན་ལ་ཕབ་རྗེས་བརྒྱུད་ལམ་ཁག་དང་དགོན་སྡེ་ཁག སློབ་གྲྭ་ཁག་ནང་གསལ་བསྒྲགས་བྱས་ཚེ། མི་མང་གི་ངོས་འཛིན་གཅིག་གྱུར་ཡོང་བར་ཕན་པ་དང་། བེད་སྤྱོད་ཐད་ནས་གཙོ་བོ་ཚིག་མཛོད་ཁག་ནང་འཇུག་རྒྱུ་དང་། ལྷག་པར་དུ་གློག་ཀླད་དང་ཁ་པར་ཚིག་མཛོད། སློབ་སྤྱོད་མཉེས་ཆས་སོགས་ནང་འཇུག་ཐུབ་ཚེ། བེད་སྤྱོད་ཀྱི་ནུས་པ་འཐོན་ཐུབ་པ་དང་། སློབ་གསོའི་གནས་རིམ་གྱི་གོ་མིང་གཏན་འབེབས་དང་གཅིག་གྱུར་ཐུབ་པ་ཡིན་ན། ཐ་སྙད་དེ་རིགས་དང་འབྲེལ་བའི་རིག་ཚན་བྱེ་བྲག་པ་ཡོད་ཚད་ལ་གསལ་ཁ་འདོན་ཐུབ་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༨/༡༩

Leave a Reply