དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་གཙོས་མི་གྲངས་ ༢༥ ཙམ་ལ་མཇལ་ཁ་བསྩལ་སོང་།

དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ཟླ་ ༨ ཚེས་ ༣༡ ནས་ཟླ ༩ ཚེས་ ༢ བར་ཉིན་གྲངས་གསུམ་རིང་དྷ་སའི་ཉེ་འདབས་སུ་ཆགས་པའི་དྷོ་ལ་དྷར་གསོལ་མགྲོན་ཁང་( Dhauladhar Heights Resort) གི་ཚོགས་ཁང་དུ། བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱིས་གོ་སྒྲིག་བྱས་པའི་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པར་ཕེབས་པའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་བསྩལ་སོང་།
དེ་དང་འབྲེལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་པ་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཉེ་ལམ་ཉིན་གྲངས་གསུམ་རིང་རྒྱ་རིགས་ཁག་གཅིག་དང་ལྷན་དུ་ཚོགས་འདུ་འཚོགས་ཡོད་པ་དང་། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཟིམ་ཆུང་མཇལ་ཁ་ཐོབ་པ་རེད། དེ་རིང་མཇལ་ཁའི་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་ལ་ཕན་པའི་དགོངས་པ་བཞེས་ཀྱི་ཡོད་པ་དང་། དམིགས་བསལ་རྒྱ་ནག་ཏུ་ནང་པའི་མི་འབོར་མང་པོ་ཞེ་དྲགས་ཡོད་པ། མ་འོངས་པ་ཡིན་ནའང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཕེབས་ནས་དད་ལྡན་རྣམས་ལ་ཆོས་འབྲེལ་མཛད་རྒྱུའི་སྐོར་དང་། རྒྱ་ནག་དེ་ད་ལྟ་མཁྲེགས་འཛིན་གྱི་སྲིད་གཞུང་འོག་ཏུ་གནས་ཡོད་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་གུ་ཡངས་ཙམ་བྱས་ནས་དམངས་གཙོའི་ཐོག་ནས་མི་མང་ལ་རང་དབང་ཞིག་ཡོད་ན་དགོས་པ་ཆེ་བ་ཡོད་སྐོར་གྱི་བཀའ་སློབ་ཕེབས་སོང་། ཞེས་བརྗོད་སོང་།
ཡང་ཁོང་གིས། ད་ལན་གྱི་ཚོགས་འདུ་འདི་ཞེ་དྲགས་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཚོགས་ཞུགས་བ་ཕལ་ཆེ་བ་རྒྱ་མི་རིགས་དང་། རྩོམ་པ་པོ། དམངས་གཙོ་དོན་གཉེར་བ་སོགས་ཡིན་སྟབས། ཁོང་ཅག་ཀྱང་འདིར་ཕེབས་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་བསྩལ་བ་དང་། བཀའ་སློབ་སོགས་ཕེབས་རྗེས་མ་འོངས་པར་གང་དུ་ཕྱིན་ཡང་། བོད་དོན་ཁ་གསལ་པོ་བཤད་ཐུབ་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་ག་རེ་ཡིན་པ་དེ་གསལ་པོ་བཤད་ཐུབ་རྒྱུ་དེའང་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་ནས་འཁྱོག་བརྗོད་མང་པོ་བྱེད་ཀྱིན་ཡོད་སྟབས། ད་ལན་འདིར་ཡོང་མཁན་རྣམས་ལའང་དོགས་པ་དང་རྣམ་རྟོག་མང་པོ་ཞིག་ཡོད་རེད་བསམ་གྱི་འདུག རེད་དེ། ད་ལན་མཇལ་ཁ་ཞུས་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་དང་། རྒྱ་ནག་ལ་འགྲན་སེམས་མེད་པའི་དགོངས་པ་སོགས་ཤེས་ཐུབ་ཡོད་པ་རེད། ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་ལོ་བཞི་བཅུ་ལྷག་གི་གོང་ནས་བཀའ་སློབ་ཕེབས་དོན་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་རིགས་རྣམས་ལ་འབྲེལ་བ་བྱ་རྒྱུ་དང་། དམིགས་བསལ་དོན་གཅོད་ཁག་གསུམ་ལ་རྒྱ་རིགས་འབྲེལ་མཐུད་པ་བསྐོས་ཡོད་རེད་ལ། རྒྱ་རིགས་འབྲེལ་མཐུད་པ་རྣམས་ཀྱིས་རྒྱ་རིགས་ལ་འབྲེལ་བ་བྱ་རྒྱུའི་ལས་འགན་གལ་ཆེན་པོ་བརྩི་ཡི་ཡོད་རེད། ད་ལན་གྱི་ཚོགས་འདུ་བཞིན་ཚོགས་འདུ་རིམ་པ་བྱས་ནས་ཡོང་གི་རེད། ཕྱི་ཟླ་ ༡༡ ནང་ལའང་ཐའེ་ཝན་དུ་རྒྱ་རིགས་དང་འབྲེལ་བའི་ཚོགས་འདུ་ཞིག་འཚོག་རྒྱུ་གྲ་སྒྲིག་བྱེད་ཀྱིན་ཡོད་རེད་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱ་རིགས་དང་འབྲེལ་བ་བྱ་རྒྱུ་དང་། རྒྱ་ནག་མཁྲེགས་འཛིན་གྱི་སྲིད་གཞུང་ལས་གྲོལ་ནས་བདེན་པ་ཐོབ་སླད་མ་འོངས་པར་ཤུགས་བརྒྱག་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། ཅེས་བརྗོད་སོང་།
མཇལ་ཁ་གྲུབ་རྗེས་ཕྱི་ལོ་ ༡༩༨༩ ལོར་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་སྣེ་འཁྲིད་མཁན་ཝང་ཌན་ལགས་ཀྱིས། རྒྱ་ནག་གཞུང་གིས་མི་ཚང་མས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་ཞུ་ཡི་ཡོད་པ་ཤེས་དགོས་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་མིའི་མགྲིན་ཚབ་ཁོ་ན་དེ་ཡིན་པས། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་གྲོས་མོལ་བྱ་དགོས་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་བོད་མི་རྣམས་ནི་མ་རབས་ཐ་ཤལ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པའི་ལྟ་སྟངས་དེ་ཡུན་རིང་གནས་ཐུབ་མི་སྲིད། ཅེས་བརྗོད་བྱུང་།
ཕྱི་ཟླ་ ༨ ཚེས་ ༣༡ ནས་ཟླ ༩ ཚེས་ ༢ བར་ཉིན་གྲངས་གསུམ་རིང་དྷ་སའི་ཉེ་འདབས་སུ་ཆགས་པའི་དྷོ་ལ་དྷར་གསོལ་མགྲོན་ཁང་དུ། མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པ་ཞིག་འཚོགས་ཡོད་ཅིང་། ཚོགས་ཆེན་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། ཨོ་གླིང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་གཙོས། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་རྒྱ་རིགས་ཤེས་ཡོན་ཅན་དང་། ལས་འགུལ་མགོ་ཁྲིད་པ། མང་གཙོའི་སྤྱི་ཚོགས་ཀྱི་ལས་འགུལ་བ། ཆེད་ལས་མི་སྣ་སོགས་ཁྱོན་སྡོམ་ཚོགས་ཞུགས་པ་ ༢༨ ལྷན་འཛོམས་གནང་ཏེ། མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། བོད་དང་འབྲེལ་བའི་སྲིད་བྱུས་ཐོག་བགྲོ་གླེང་གནང་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།




![The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]](https://tibettimes.net/wp-content/uploads/2025/05/Screen-Shot-2025-05-09-at-3.37.35-PM-360x180.png)
