མྱུར་སྦྱོང་འཛིན་གྲྭའི་སློབ་འཁྲིད་བྱེད་སྟངས་དེ་ཡག་པོ་འདུག

ནང་བསྟན་སྲིད་ཞུ་ཁང་གི་མཛད་སྒོའི་ཐོག་མཁན་པོ་འཇུ་བསྟན་སྐྱོང་གིས་སྐད་ཡིག་དེང་རབས་ཅན་ཏུ་བསྒྱུར་དགོས་པ་རེད་ཅེས་ལས་སླ་རུ་གཏོང་གི་ཡོད་པ་དེས་སྐད་ཡིག་ཉམས་ཆགས་སུ་གཏོང་གི་ཡོད་པ་ཞིག་མཐོང་གི་འདུག་ཅེས་བརྗོད་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་༩:༣༠སྟེང་དྷ་ས་བོད་ཁྱིམ་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ། ནང་བསྟན་སྲི་ཞུ་ཁང་དབུ་བརྙེས་ནས་ལོ་ངོ་༦འདས་པའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་དང་།བོད་ཀྱི་དཔེ་མཛོད་ཁང་གི་དགེ་རྒན་ཆེན་མོ་ན་ག་སངས་རྒྱས་བསྟན་དར་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་བཅས་ཀྱི་གཙོའི་ནང་བསྟན་སྲིད་ཞུ་ཁང་གི་ལས་བྱེད་དང་ཟུར་ཉན་པ། དེ་བཞིན་གསར་འགོད་པ་སོགས་མི་སྣ་ ༦༠ ལྷག་ཅིག་འཛོམས་འདུག

མཛད་སྒོའི་ཐོག་མར་ནང་བསྟན་སྲི་ཞུ་ཁང་གི་དྲུང་ཆེ་བསྟན་འཛིན་སྦྱིན་པ་ལགས་ནས་ནང་བསྟན་སྲིད་ཞུ་ཁང་ངོ་སྤྲོད་དང་། ལོ་ངོ་༤ དང་༥ རིང་ནང་བསྟན་སྲི་ཞུ་ཁང་དུ་ལས་ཀ་བྱེད་མྱོང་མཁན་ལས་བྱེད་དང་དགེ་རྒན་༡༠། ་དྲ་ཐོག་སློབ་གྲྭ་དང་མྱུར་སྦྱོང་སློབ་གྲྭ་གཉིས་ཀྱི་དགེ་རྒན་རྩེ་ཕུད་གཉིས་བཅས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་དང་རྩེ་ཕུད་གཟེངས་བསྟོད་བྱ་དགའ་སོགས་གནང་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་ནས་ཤེས་ཡོན་སྲིད་བྱུས་སྐོར་ལ་གཏམ་བཤད་གནང་དོན། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དེ་བྱིས་པ་ཚོར་བསམ་བརྗོད་རང་དབང་དང་འཚོ་བའི་རང་དབང་། སྲུང་སྐྱོབ་རང་དབང་གསུམ་གཙོ་བོར་བཟུང་ནས་བྱིས་པར་སློབ་གསོའི་སྐྱོང་ཐབས་བྱེད་ཀྱི་ཡོད་པ་དང་། བྱིས་པ་ཚོར་སློབ་གསོ་སྤྲོད་པའི་སྐབས་སུ་བཙན་ཐབས་དང་གཅར་བརྡུང་བྱེད་པ་མ་ཡིན་པར།གནད་དོན་ཅི་ཞིག་ཡིན་ཀྱང་ཐབས་ལམ་ལྡན་པའི་ངོས་ནས་བྱིས་པར་ར་སྤྲོད་བྱེད་པ་དང་བྱིས་པའི་ནོར་འཁྲུལ་སོགས་བྱས་པ་ཡིན་ན། སྐབས་ཐོག་དེར་ཕན་ཚུན་དགོངས་དག་ཞུ་བཅུག་པ་དང་། ཡང་ན་སྡུག་དམོད་བྱེད་པ་མ་ཡིན་པར་བྱིས་པ་རང་ཉིད་ལ་ནོར་འཁྲུལ་དེ་དངོས་སུ་ངོས་ཟིན་བཅུག་པ་ཡིན་ན། རྗེས་ཕྱོགས་བྱིས་པའི་ནོར་འཁྲུལ་མི་བཟོ་བར་ཕན་པ་ཡོད་པ་རེད་ཅེས་གསུངས་སོང་།

ཡང་རང་སྐད་ཡིག་ཤེས་སོང་ན་སྐད་ཡིག་གཞན་སྦྱོང་རྒྱུར་དཀའ་ངལ་མེད་སྐོར་ལ་མོས།  དཔེ་སྟོན་ཐོག་མར་འཛུགས་པའི་སྐབས་སུ་སྤྱི་ཚོགས་ནང་དུ་བྱིས་པ་ཚོའི་སྐད་ཡིག་གཉིས་པ་རྗེས་ལུས་ཐེབས་འགྲོ་སྐོར་མང་པོ་ཞིག་ལབ་གླེང་བྱས་ཡོད་ན་ཡང་། ད་ལྟ་དེའི་ཕྱོགས་ནས་སེམས་འཁྲལ་ཅི་ཡང་མེད་པ་དངོས་མཐོང་ལག་ཟིན་བྱུང་ཡོད་པ་དང་། སྤྱིར་མི་ཞིག་ལ་མཚོན་ན་རང་གི་ཕ་སྐད་ཡག་པོ་ཞིག་ཤེས་སོང་བ་ཡིན་ན། སྐད་ཡིག་གཉིས་པ་དང་གསུམ་པ་སོགས་ལས་སླ་བོའི་ངང་ནས་ཤེས་ཀྱི་ཡོད་སྐོར་བརྗོད་སོང་།

དེའི་རྗེས་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་བོད་ཀྱི་སྐད་ཡིག་དེང་རབས་ཅན་དུ་ཇི་ལྟར་བསྒྱུར་དགོས་པའི་སྐོར་ལ་གཏམ་བཤད་གནང་དོན། སྤྱིར་དེང་རབས་ཞེས་པ་དེ་ག་འདྲ་ཞིག་ཏུ་གོ་བ་ལེན་དགོས་མིན་ཤེས་གྱི་མི་འདུག་ལ། དེང་རབས་ཅན་ཞེས་བཤད་དུས་ལས་སླ་རུ་དང་གནའ་རབས་ཟེར་དུས་དཀའ་ལས་ཁག་པོའི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འདྲ་ཞིག་འདུག  ལྷག་པར་དུ་བོད་ཀྱི་སྐད་ཡིག་ལ་མཚོན་ན། དེང་རབས་ཅན་ལ་བསྒྱུར་དགོས་པ་རེད་ཅེས་བཤད་དུས་ལས་སླ་རུ་བཏང་ནས་ཉམས་ཆགས་སུ་གཏོང་གི་ཡོད་པ་ཞིག་འདུག  ཅེས་དང་།སྔོན་ཆད་བོད་ཀྱི་སྐད་ཡིག་ལ་འགྱུར་བ་མང་པོ་ཞིག་བཏང་ཡོད་པ་ལྟར་།ང་ཚོས་ཀྱང་དུས་རབས་དང་མཐུན་པའི་འགྱུར་བ་ཞིག་གཏོང་དགོས་པ་ལྟར། ལོ་རྒྱུས་ནང་དུ་བོད་ཀྱི་སྐད་ཡིག་ལ་འགྱུར་བ་ག་འདྲ་ཕྱིན་ཡོད་པ་ངེས་པ་བྱས་ནས་དེ་དག་གཞི་ལ་བཞག་ནས་བསྒྱུར་བཅོས་གཏོང་པ་རེད་ཅེས་གསུངས་སོོོང་།

ཡང་ཁོང་གིས། ང་ཚོ་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱ་དགོས་པ་དང་སྦྱོང་དགོས་པ་རེད་ཅེས་མང་པོ་བཤད་ཀྱི་ཡོད་ན་ཡང་། སྐད་ཡིག་སྦྱོང་དགོས་པ་རེད་ཅེས་པ་དེ་ལ་རྒྱ་དང་དུང་ཞེན་ཙམ་ཞིག་གི་ངོས་ནས་བྱས་པ་ཡིན་ན་ཕུགས་རྒྱང་རིང་པོ་ཡོང་མི་ཐུབ་པས། ང་ཚོས་རང་གི་སྐད་ཡིག་དང་རིག་གཞུང་གི་རིན་ཐང་ངོས་ཟིན་པའི་ཐོག་ནས་སྦྱང་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

མཇུག་ཏུ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་ཀྱི་སྐད་ཡིག་འདི་འཚོ་བ་དངོས་ཀྱི་ནང་ཇི་ལྟར་བེད་སྤྱོད་བྱེད་དགོས་པའི་སྐོར་ལ། ང་ཚོས་ད་ལྟ་བར་དུ་བོད་ཀྱི་སྐད་ཡིག་སྦྱོང་དགོས་པ་རེད་ཅེས་མང་མང་གིས་བཤད་བསྡད་ཡོད་པ་ལྟར། ང་རང་གིས་བསམ་པ་ལྟར་ན་བཙན་ཚུགས་ཀྱིས་སྐད་ཡིག་སྦྱོང་བཅུག་པ་དེ་ཡང་ཐབས་ལམ་ཞིག་རེད་བསམ་གྱི་འདུག དེ་ལ་ཆུ་ཚོད་མང་པོ་ཞིག་གཏོང་དགོས་ན་ཡང་གྲུབ་འབྲས་ཡོད་པ་ཞིག་རེད་བསམ་གྱི་འདུག ཅེས་གསུངས་སོང་།

ནང་བསྟན་སྲི་ཞུ་ཁང་གིས་ཕྱི་རྒྱལ་མི་རིགས་ཁག་ལ་སློབ་འཁྲིད་བྱེད་སྟངས་སྐོར་ལ་ཁོང་གིས།  ནང་བསྟན་སྲི་ཞུ་ཁང་གི་མྱུར་སྦྱོང་འཛིན་གྲྭའི་སློབ་འཁྲིད་བྱེད་སྟངས་དེ་དགེ་རྒན་གཅིག་དང་སློབ་མ་གཅིག་བྱས་ཏེ། ཆུ་ཚོད་གཉིས་གསུམ་ལ་སློབ་འཁྲིད་བྱེད་ཀྱི་ཡོད་པ་དེ་ཧ་ཅང་ཡག་པོ་འདུག དགེ་རྒན་ཚོ་ཡིན་ན་སློབ་མས་བོད་སྐད་བོད་ཡིག་མགྱོགས་པོར་མ་ཤེས་པ་ཡིན་ན་ཡང་། དེ་ལྟར་མུ་མཐུད་འཁྲིད་པ་ཡིན་ན་བག་ཆགས་ཤིག་གིས་གང་འཚམས་ནས་གློ་བུར་དུ་ཤེས་འགྲོ་བ་ཞིག་ཡོད་སྐོར་སོགས་གསུངས་སོང་།

ནང་བསྟན་སྲི་ཞུ་ཁང་ནི་ནང་བསྟན་སྤྱི་དང་བྱེ་བྲག་བོད་བརྒྱུད་ནང་བསྟན་ལ་ཞབས་འདེགས་ཞུ་མཁན་གྱི་རང་ཁ་རང་གསོའི་ཁེ་མེད་ཞབས་ཞུ་ཚོགས་པ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༠ ཟླ་༡༠ནང་ཧྥ་རན་སིའི་གྲོང་ཁྱེར་བྷོར་ཊོག་སི་(Bordeaux)ནང་ཐོག་མར་གསར་འཛུགས་གནང་།ཕྱི་ལོ་༢༠༡༡་ཟླ་༩པའི་ཚེས་༡༠ཉིན་དྷ་རམ་ས་ལར་ནང་བསྟན་སྲི་ཞུ་ཁང་གི་ཡན་ལག་ཚོགས་པ་གསར་དུ་བཙུགས་པ་དང་། ཕྱི་ལོ་༢༠༡༢ལོར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞུང་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཐོག་ནས་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་འདུག

ནང་བསྟན་སྲི་ཞུ་ཁང་ནས་ད་ལྟ་བར་མི་རིགས་མི་འདྲ་༡༠༠ལྷག་གིས་སློབ་གཉེར་བ་གྲངས་༡༤༤༠ལྷག་ལ་བོད་ཀྱི་སྐད་ཡིག་དང་། ནང་ཆོས་ཀྱིས་གཙོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་འཁྲིད་བྱས་ཡོད་འདུག སྲི་ཞུ་ཁང་དུ་དྲ་ཐོག་སློབ་གྲྭ་དང་མྱུར་སྦྱོང་སློབ་གྲྭ། རྩོམ་སྒྲིག་སྡེ་ཚན། ཞིབ་འཇུག་སྡེ་ཚན། དཔེ་སྡུར་སྡེ་ཚན་བཅས་སྡེ་ཚན་ཆེན་པོ་ལྔ་ཡོད་པ་དང་དེ་དག་གི་ནང་དུ་ལས་མི་༧༠་དང་། སློབ་གྲྭ་གཉིས་སུ་ཁྱོན་བསྡོམས་སློབ་གཉེར་བ་༡༠༣ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༡༡

Leave a Reply

4 thoughts on “མྱུར་སྦྱོང་འཛིན་གྲྭའི་སློབ་འཁྲིད་བྱེད་སྟངས་དེ་ཡག་པོ་འདུག

  1. ཤེས་ཡོན་སྲིད་ཇུས་དགོངས་འཆར་སྣོམ་མཁན་དང་།
    དེ་ཡི་སྐྱོན་བྲལ་ནང་དོན་རྟག་ཏུ་རྒྱལ།
    འོན་ཀྱང་ལག་བསྟར་བྱེད་པོ་འགའ་ཞིག་གི།
    གཡོ་སྒྲུའི་བསམ་ངན་རྨེག་མེད་ཚར་གཅོད་ཤོག།།

    དཔེ་སྟོན་སློབ་གྲྭའི་གྲུབ་འབྲས་རེ་ཟུང་འགྲངས་ཏེ་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་སའི་སློབ་གྲྭ་གཞན་ཚོའི་སློབ་ཕྲུག་གི་ཤེས་སྤྱོད་ཀྱི་གནས་བབ་ལ་ཡོལ་བས་ག་ལ་སྒྲིབ་ཕོད་དམ། གཟུ་བོར་གནས་པའི་གསར་འགོད་པ་དང་སྤྱི་ཚོགས་དྲ་རྒྱ་བཀོལ་སྤྱོད་གནང་མཁན་རྣམས་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་ངེས་པར་དུ་གནང་དགོས་སྙམ། དེར་ད་དུང་ཞན་ཆ་ཞིག་ལོས་ཡོད་སྲིད། དེ་མིན་དཔེ་སྟོན་སློབ་གྲྭ་ལྟ་བུར་མཚོན་ན་སྔོན་འགྲོའི་འཛིན་གྲྭ་རྣམས་སུ་འཛིན་ཁང་ནང་སློབ་ཕྲུག་མ་འཆུད་པའི་དཀའ་ངལ་དང་། དགེ་རྒན་མ་འདང་བའི་དཀའ་ངལ་གྱིས་ཟློས་གར་དགེ་རྒན་དང་མ་ཚབ་རྣམས་ལའང་སྔོན་འགྲོའི་དགེ་རྒན་དང་དེའི་ལས་རོགས་སུ་བཏང་བ་ནི། སྔོན་འགྲོའི་སློབ་ཕྲུག་རྣམས་ཀྱི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་མ་ཟད། སློབ་གྲྭ་དེ་ཉིད་ནས་རྟག་ཏུ་ཤེས་ཡོན་སྲིད་ཇུས་ཀྱི་གྲུབ་འབྲས་ཁ་ལ་ཁྱེར་སྡོད་མཁན་ཞིག་ནས་ལས་སྟངས་འདི་རིགས་ཤེས་ཡོན་སྲིད་ཇུས་དང་མཐུན་གྱི་ཡོད་མེད་བློ་ཡུལ་དུ་མ་ཤར་བ་ཨེ་ཡིན། དེ་ནས་འཛིན་གྲྭ་ཡར་འཕར་རིམ་བཞིན་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་ནི་ཕ་མ་རྣམས་ནས་སོ་སོའི་ཕྲུ་གུ་ཤེས་སྤྱོད་ལྡན་པ་ཞིག་བཟོ་འདོད་མེད་པས་ཡིན་ནམ། ཡང་ན་དེར་མ་ཚང་བའམ་མ་འགྲིགས་པ་ཤིག་མཐོང་སྟེ་སོ་སོའི་ཕྲུ་གུ་ཕྱིར་ཐེན་བྱེད་ཀྱི་ཡོད་དམ། སྔོན་འགྲོ་ལོ་རིམ་དང་པོར་ཕྲུག་གྲངས་དྲུག་བཅུ་བརྒལ་བ་ཞིག་ལ་ད་ལྟ་འཛིན་རིམ་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ལ་སློབ་ཕྲུག་ག་ཚོད་ཡོད་དམ། བསམ་གཞིགས་གྱི་གནས་ཚུལ་ཞིག་མ་ཡིན་ནམ། སློབ་གྲྭའི་འགན་འཛིན་སྐྱོང་ལ་དྲིས་ན་རྒྱུ་མཚན་ལོས་ཡོད་སྲིད། ཕ་བསད་པའི་བུ་ལའང་རྒྱུ་མཚན་ཤོད་རྒྱུ་ཡོད་ཟེར་བ་ལྟར་རོ། འདིའི་སྐོར་མཚམས་རེ་བགྲོ་གླེང་གཅིག་བྱ་དགོས་བསམས་ཀྱང་སྤྱི་ཚོགས་ནང་ངོ་དགའ་ཕྱོགས་ལྷུང་དང་གཡོ་སྒྲུ་ཅན་བདོ་བའི་སྐབས་དེར་བདེན་པར་ཕམ་ཉེས་བྱུང་ན། རྗེས་སོར་བདེན་པར་རྩོད་མཁན་རྣམས་ལ་སེམས་ཤུགས་ཆགས་ཉེན་དུ་གྱུར་བར་དྭོགས་ནས་གཟུར་གནས་སྐྱེ་བོ་དང་སྨྱུ་ཐོགས་པ་རྣམས་ལ་དཔྱད་གཞིར་བཞག་རྒྱུ་ཡིན།
    ལར་ནས་སྔོན་གྱི་སཾ་བྷོ་ཊའི་དབུ་འཛིན་དང་ད་ལྟའང་དེའི་ཁོངས་ལས་ཀྱི་སྣེ་མོར་བཞུགས་པ་མང་པོ་ཞིག་གིས་རྒྱུན་དུ་བོད་ཕྲུག་ཁྱིམ་སྡེ་ལ་ཟུར་ཟ་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་། ཕ་མ་གཉིས་ཀྱིས་སོ་སོའི་ཕྲུ་གུ་གཉིས་གསུམ་གསོ་སྐྱོང་བྱེད་པར་སྡུག་སྐད་འདོན་གྱི་ཡོད་ན། སློབ་ཕྲུག་སྟོང་ཕྲང་བརྒལ་བའི་སྒྲིག་འཛུགས་ཤིག་ལ་མ་འགྲིགས་པ་ཕྲན་བུ་འབྱུང་བ་ནི་ཆོས་ཉིད་ཀྱང་། མ་འགྲིགས་པར་ངས་རྒྱབ་སྐྱོར་ཞུས་པ་ཞིག་ནམ་ཡང་མིན། འོན་ཀྱང་སྤྱི་པའི་སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་མང་བའི་རྒྱུ་མཚན་གྱིས་འཐུས་ཤོར་འགྲོ་བ་ཆོས་ཉིད་དུ་བརྩིས་ནས་འཐུས་ཤོར་ཁག་ལ་ཅི་མི་སྙམ་པར་བཞག་མི་རུང་། ག་ཚོད་ཐུབ་ཐུབ་ཀྱིས་འཐུས་ཤོར་མ་འགྲོ་བའི་འབད་བརྩོན་བྱ་དགོས།
    ད་ལྟའི་དཔེ་སྟོན་སློབ་གྲྭར་ངོམ་རིན་ཡོད་པ་ནི་སློབ་ཕྲུག་ཕལ་ཆེ་བའི་བོད་ཡིག་གི་གནས་ཚད་དེ་ཡིན་ལ། དེ་ནི་དྷ་སར་བཅའ་བཞུགས་ཕ་མ་ཤུགས་ཆེ་བས་སྒེར་དོན་དོར་ཏེ་སྤྱི་དོན་གཙིགས་ཆེ་བར་བརྩི་བའི་དགེ་རྒན་པ་སངས་ཚེ་རིང་གིས་སྐུ་ལས་བསྐྱོན་པའི་འབྲས་བུ་ཡིན་པར་རྒྱུན་དུ་བསྔགས་བརྗོད་ཀྱི་མེ་ཏོག་འཆོར་བཞིན་ཡོད། ཁོང་ལའང་འགན་འཛིན་སྔོན་མས་སྡང་ཟུག་བསུན་བཙིར་བྱས་སྐད་འདུག དག་ེརྒན་ཁོང་རང་སྤྱི་པའི་ལྷག་བསམ་བརྟན་དྲགས་ནས་སེམས་ཤུགས་མ་ཆགས་པ་མ་གཏོགས། དགེ་རྒན་སེམས་ཆུང་གཞན་ཞིག་ཡིན་ན་ད་གཟོད་ལས་ཀར་མུ་མཐུད་ཞུགས་ཐུབ་ཡོད་མེད་ཐེ་ཚོམ་མོ།
    དཔེ་སྟོན་སློབ་གྲྭའི་སློབ་ཟུར་རེ་ཟུང་བོད་ཀྱི་སྐད་ཡིག་དང་ཨིན་ཇི་སོགས་སློབ་ཚན་གཞན་རྣམས་ཤེས་ཡོན་སྲིད་ཇུས་ལག་བསྟར་མ་བྱེད་སའི་སློབ་གྲྭ་གཞན་གྱི་སློབ་ཕྲུག་གི་ཤེས་ཚད་དང་མཉམ་པའམ་དེ་ལས་ལྷག་པའང་ཡོད་སྲིད། འོན་ཀྱང་ལེགས་ཐོན་བྱུང་བའི་སློབ་ཕྲུག་དེ་དག་གི་ཕ་མའི་རྒྱབ་ལྗོངས་ལ་དོ་སྣང་ཞིག་གྱིས་དང་། ཡང་ན་གངས་སྐྱིད་ཁུལ་གྱི་ལས་ཁུངས་ཁག་གི་ཤེས་ལྡན་ཞིག་དང་། ཡང་ན་སློབ་གྲྭའི་དགེ་རྒན་སོགས་ཡིན་སྟབས། སློབ་ཕྲུག་དེ་ཚོའི་ཤེས་ཡོན་ལེགས་ཐོན་བྱུང་བའི་བྱས་ངོ་ཕ་མ་ལའང་ཅིས་འབུལ་མི་དགོས་སམ། དེ་མིན་བཅུ་གཉིས་ཐོན་ཏེ་མཐོ་སློབ་བགྲོད་པ་ཙམ་ལ་གྲུབ་འབྲས་དུ་བརྩིས་ན་ཤེས་ཡོན་སློབ་གསོའི་ལམ་ལུགས་ཞན་པའི་རྒྱ་གར་གཞུང་གིས་རོགས་སྐྱོར་བྱེད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་ཀྱང་མཐོ་སློབ་འགྲིམས་སྟེ་ཐོན་ཡོང་གི་ཡོད་པས་དེར་ངོ་མཚར་དང་ངོམ་རིན་ཅི་ཞིག་ཡོད།
    བོད་ཁ་བ་ཅན་གྱི་ལྟེ་བ་ནས་མཆེད་པའི་བོད་རིགས་ཅིག་ཡིན་པས་བོད་ཀྱི་སྐད་ཡིག་གལ་ཆེ་པོ་ཡིན་མིན་སུ་ལ་དྭོགས་པ་སྐྱེ་སྲིད་དམ། འོན་ཀྱང་འུ་ཅག་ ཆབས་སྲིད་ཀྱི་གནས་བབས་ཐོག་ནས་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་བོད་དོན་རྒྱལ་སྤྱིའི་སྡིངས་ཆ་ཁག་ལ་འདོན་པར་དབྱིན་ཇི་སོགས་སློབ་ཚན་གཞན་རྣམས་ཀྱང་གཅིག་མཚུངས་ཀྱིས་གལ་ཆེན་པོ་ཡིན། དེ་རིང་འདུད་ཚང་གི་ལས་དོན་གཞན་གྱི་བྲེལ་བས་གུས་རང་ནས་ཐོས་པ་དང་མཐོང་བའི་གནས་ཚུལ་འགའ་ཞིག་དཔྱད་གཞིར་བཀོད། དེ་མིན་དུས་ཁོམ་བྱུང་ན་སཾ་བྷོ་ཊ་ཚོགས་པ་དེས་ལས་ཀ་བྱེད་ཕྱོགས་མ་འགྲིགས་པ་མང་པོ་ཞིག་ཀླན་ཀར་འདེབས་རྒྱུ་ཡོད་པས་རྗེས་སུ་དུས་ཚོད་རན་འཚམས་ཞིག་ལ་མཇལ་ཆོག སཾ་བྷོ་ཊའི་འཛིན་ཚོགས་ནས་བོད་ཁྱིམ་གཉིས་ཀྱི་སློབ་ཁག་ནང་བསམ་སྤྱོད་ཀྱི་རང་དབང་། འཚོ་བའི་རང་དབང་། སྲུང་སྐྱོབ་ཀྱི་རང་དབང་གསུམ་པོ་ཚང་མི་འདུག་ཟེར་གྱི་ཡོད་དམ། དཔྱད་གཞི་འདིས་མི་སྒེར་བ་ཞིག་ལ་ཉེས་འཛུགས་བྱས་པ་མིན་ལ་སྤྱི་པའི་སྒྲིག་འཛུགས་ཤིག་ནང་མི་རེ་ཟུང་གི་བཤད་སྟངས་དང་བྱེད་སྟངས་ལ་བསམ་གཞིགས་གི་ཆེད་དུ་ཕུལ། དེ་མིན་སྒེར་གྱི་ཚོགས་པ་ཡིན་ན་ར་མ་ལུག་དང་འགལ་འཛོལ་ཅི་ཞིག་བྱས་ཀྱང་ངས་ཐེ་གཏོགས་ནམ་ཡང་མི་བྱེད། དཔྱད་གཞི་འདི་ལ་ལན་འདེབས་བྱེད་པ་ལས་དོན་དངོས་ཐོག་དེ་ལྟར་ཡིན་མིན་ཐད་རྟོག་དཔྱོད་ངེས་པར་བགྱི་བར་འཚལ། ཐུགས་རྗེ་ཆེ་ཞུ།

  2. རླུང་འཕྲིན།

    བོད་ཀྱི་སྐད་ཡིག་དེང་རབས་ཅན་དུ་གྱུར་དགོས་ཟེར་ན། སྐད་ཡིག་ལ་འགྱུར་ལྡོག་གཏོང་དགོས་པའི་གནས་དོན་བཤད་ཀྱི་
    མེད། གཙོ་བོ་བྱིས་པའི་དཔེ་དེབ་ཀྱི་ནང་དོན་དང། སློབ་གྲྭའི་ནང་སློབ་མ་ཚོར་ཁྲིད་བྱའི་སློབ་ཚན་གྱི་ནང་དོན་རི་བོང་དང་རུས་སྦལ། ལུག་རྫི་སྤེན་པ། སོགས་མ་ཡིན་པར་དེང་རབས་སྤྱི་ཚོགས་ཀྱི་ཤེས་བྱའི་ཁྱབ་ཁོངས་མང་པོ་ཞིག་ཁྲིད་བྱའི་ནང་དོན་ནང་འཇུག་ཐུབ་པ་ཞིག་དགོས་རྒྱུ་དེ་ཁ་ཚ་དགོས་གཏུགས་རེད། ཨིན་སྐད་དང་འབྲེལ་བའི་སློབ་ཚན་ཁག་གི་ནང་དོན་
    ལོ་དུས་ངེས་ཅན་ཞིག་གི་ནང་སྤྱི་ཚོགས་འཁོར་གྲོས་དང་བསྟུན་ཏེ་འགྱུར་ལྡོག་གཏོང་གི་འདུག་ལ། གཏན་འབེབས་ཀྱི་སྒྲོམ་གཞི་བཟོ་སྐབས་སུ་ཡང་ཕྱོགས་མང་པོ་ཞིག་ལ་ལྟ་ཐུབ་པའི་མིག་རྒྱང་ཞིག་དགོས་གལ་ཆེའོ།

  3. སོག་ཚང་ལེགས་བཤད།

    མཁན་པོ་འཇུ་བསྟན་གྱིས་སྐད་ཡིག་ཐད་ཀྱི་དགོངས་འཆར་དེ་ཧ་ཅང་གིས་དངོས་ཡོད་གནད་ཟིན་གྱི་བདེན་གཏམ་་དུ་མཐོང་།།

  4. ནང་བསྟན་སྲི་ཞུ་ཁང་གིས་འདས་པའི་ལོ་འདི་དག་གི་རིང་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་མཛད་རྗེས་མི་ཉུང་ཞིག་དང་དང་ཞབས་འདེགས་གང་ལེགས་བསྒྲུབས་པར་བསྔགས་བརྗོད་དང་ཡི་རང་ཞུ།