བོད་པའི་ཕོ་གསར་བསད་པའི་གྱོད་དོན་ལ་ཁྲིམས་བཤེར་བྱས།

དྷ་ས་མེག་གྷན་ནས་བསད་པའི་བོད་པའི་ཕོ་གསར་གྱི་གྱོད་དོན་ཁྲིམས་བཤེར་བྱས་ཡོད་ཀྱང་ཁྲིམས་ཐག་ཆོད་མི་འདུག

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༠ ཉིན་གྱི་མཚན་མོར་དྷ་ས་མེག་ལོར་ནས་གྲིས་བརྒྱབ་སྟེ་འདས་གྲོངས་སུ་ཕྱིན་པའི་བོད་པའི་ཕོ་གསར་གྱི་ཉེས་དོན་ཐད། དེ་རིང་བསྐྱར་དུ་དྷ་རམ་ས་ལའི་ས་གནས་ཁྲིམས་ཁང་དུ་ཞོགས་པའི་ཆུ་ཚོད་ ༡༡་༡༥ ནས་ཉིན་རྒྱབ་ཆུ་ཚོད་ ༡ ་མ་ཟིན་ཙམ་བར་ཁྲིམས་ར་ཚོགས་ཏེ་རྩོད་གླེང་བྱས་ཡོད་ཀྱང་། ཁྲིམས་ཐག་ཆོད་མེད་པས་ཕྱི་ཟླ་བཅུ་པའི་ཚེས་༤ལ་བསྐྱར་དུ་ཁྲིམས་བཤེར་གནང་འཆར་ཡོད་འདུག

ཐེངས་འདིའི་ཁྲིམས་བཤེར་ཐད་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ནས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་བྱེད་ཀུན་བཟང་སྟོབས་ལྡན་ལགས་ཟུར་ཉན་ཁྲིམས་རྩོད་པར་ཆེད་མངགས་གནང་ཡོད་སྟབས། འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཁོང་ལ་ཁྲིམས་བཤེར་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར་ཁོང་གིས།  ད་ལན་ནི་རྩོད་གླེང་ཁྲིམས་བཤེར་ཞིག་ཆགས་ཡོད་པ་དང་། དེ་ཡང་ཁ་གཏད་ཁྲིམས་རྩོད་པས་དགག་བྱ་བྱས་ཏེ།  དེ་སྔོན་གནས་ཚུལ་བྱུང་སྐབས་ཉེན་རྟོག་པས་ཁྲིམས་ལུགས་ལྟར་གྱོད་དོན་ཐོ་འགོད་བྱས་མེད་པ་མ་ཟད།  འདས་པོ་ཚུལ་ཁྲིམས་ལ་དོན་རྐྱེན་བྱུང་སྐབས་མཉམ་དུ་ཡོད་པའི་དཔང་མི་བོོོད་པའི་བུ་མོ་དེས་ཁྲིམས་ཁང་དང་། ཉེན་རྟོག་པར་བཤད་པའི་སྐད་ཆ་གཉིས་མི་མཐུན་པ།  ད་དུང་མཚོན་ཆའི་སྟེང་གི་ཁྲག་དེ་རྒྱ་གར་ཕོ་གསར་དེའི་ཡིན་མིན་ཁ་གསལ་མི་འདུག་པའི་དགག་བྱ་བྱས་ཡོད་ཀྱང་།  ང་ཚོའི་ཁྲིམས་རྩོད་པས་ཁྲིམས་དཔོན་མཆོག་ལ་ཉེན་རྟོག་པས་ཁྲིམས་ལུགས་ལྟར་གྱོད་དོན་ཁྲིམས་གཏུགས་བྱས་པའི་ཆུ་ཚོད་དང་། བརྒྱུད་རིམ་ཁ་གསལ་བཟོས་ཡོད་པ་མ་ཟད།  དཔང་མི་བུ་མོ་དེེས་བཤད་པའི་སྐད་ཆ་དང་།  མཚོན་ཆའི་སྟེང་ཁྲག་ཡོད་པ་ཁ་གསལ་དང་། དེ་ཡང་ཚན་རིག་བརྟག་དཔྱད་ཁང་ནས་(DNA)ཞིབ་འཇུག་བྱས་པ་བརྒྱུད་ཁྲག་དེ་རྒྱ་གར་ཕོ་གསར་དེའི་ཡིན་པ་སོགས་ཁ་གཏད་ཁྲིམས་རྩོད་པས་བཏོན་པའི་དགག་བྱ་ཚང་མར་བདེན་པ་ར་སྤྲོད་ཐོག་ཁ་གསལ་བཟོས་སོང་བས།  ཐེངས་འདིའི་རྩོད་གླེང་ཁྲིམས་ཞིབ་ཁྲོད་མ་འོངས་པར་ང་ཚོར་རྒྱལ་ཁ་འཐོབ་པའི་གདེང་ཚོད་ཆེན་པོ་ཡོད། ཅེས་བརྗོད་བྱུང་།

དེ་རིང་ཁྲིམས་ཁང་དུ་དྷ་ས་ས་གནས་འགན་འཛིན་ཟླ་བ་རིན་ཆེན་ལགས་དང་།  དེ་བཞིན་དྷ་སའི་མདོ་སྨད་ས་རྒྱུན་གཙོས་ཀླུ་སྒྲུབ་དང་སངས་རྒྱས་བཅས་ཟུར་ཉན་དུ་ཕེབས་ཡོད་པ་དང་།  འདི་གའི་གསར་འགོད་པས་མདོ་སྨད་ས་གནས་རྒྱུན་ལས་གཙོས་ཀླུ་སྒྲུབ་ལགས་སུ། ཁྲིམས་རའི་ནང་མི་ཅི་ཙམ་འཛོམས་ཡོད་མེད་སོགས་དྲིས་པར་ཁོང་གིས།  དེ་རིང་ཁྲིམས་ཁང་དུ་ཁྲིམས་དཔོན་དང་རྒྱ་གར་བའི་ཕྱོགས་གཏོགས་ཀྱི་མི་མང་པོ་འདུག  སྤྱིར་ཁྲིམས་ཁང་དུ་བོད་པ་མང་པོ་ཡོང་ནས་རྒྱལ་ཁ་ལེན་ཐུབ་པའི་རེ་བ་བཟུང་མེད་ཀྱང་།  ང་ཚོ་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་གནས་ཚུལ་ག་རེ་བྱུང་ཡང་།  བོད་པ་ཚང་མས་མཉམ་རུབ་བྱས་པ་ཡིན་ན་གྲུབ་འབྲས་ག་རེ་འབྱུང་མིན་ལ་མ་བལྟས་པར་ནུས་པ་ཞིག་འཐོན་ཐུབ་ཀྱི་རེད་བསམ་ཡོད།  ཅེས་བརྗོད་བྱུང་།

ཁྲིམས་རྩོད་པ་ཀུན་བཟང་ཐུབ་བསྟན་ལགས་ཀྱིས།  གྱོད་དོན་འདི་ལ་ཆེས་རིང་ན་ལོ་ ༡ ནང་ཚུད་དུ་མཇུག་བསྡུ་ཐུབ་སྲིད་པ་དང་། ཟླ་བ་རྗེས་མའི་ཕྱི་ཚེས་  ༤ ཉིན་བསྐྱར་དུ་ཁྲིམས་བཤེར་ཞིག་འཚོགས་རྒྱུ་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༡༤

Leave a Reply

2 thoughts on “བོད་པའི་ཕོ་གསར་བསད་པའི་གྱོད་དོན་ལ་ཁྲིམས་བཤེར་བྱས།

  1. ནོར་བུ་ལགས་ནས་གོ་དོན་ལྡན་པ་ཞིག་གསུངས་འདུག ས་འགོ་མཆོག་ནས་དོན་ལྡན་སེམས་ལ་བཅངས་རོགས་གནང། ས་འགོ་སྔོན་མ་བསོད་ནམས་རྡོ་རྗེ་རྡ་སར་སྐད་གཏོང་དགོས་པ་དེ་གནད་འགགས་རེད་འདུག

    མ་ཙང་ཕྱི་རྒྱལ་ཁག་འལ་འགྲོ་མཁན་དེ་ཚོ་བོད་བསྟན་པ་ཆབ་སྲིད་ཆེད་མིན་པར་གཙོ་བོ་སོ་སོའི་ལྟོ་གོས་ཆེད་དུ་ཡིན་པ་གསལ་པོ་རེད། བསོད་རྡོར་ཡང་དེ་འདྲ་རེད་པཱ།
    གང་ལྟར་སྐོུ་ཟླ་བ་རིན་ཆེན་ཁྱེད་ལ་མི་མང་གིས་ཡིད་ཆེས་གང་ཙམ་བཅོལ་ཡོད་པས་དེ་དོན་བཞིན་མི་མང་གི་མངོན་འདོད་གྲུབ་རོགས་ཞུ་རྒྱུ་དང་་ད་ཐེངས་ཀྱི་མི་གསོད་ལག་དམར་བ་དེར་ཁྲིམས་ཐག་ཚ་ནན་ཡོང་བའི་ཤུགས་སྐྱོན་རོགས།

    གཞན་བོད་མི་ཁྲིམས་རྩོད་པ་ཞིག་ཀྱང་འདུག་པས་ཁོང་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་ཁྱེད་ལའང་དེ་དོན་བཞིན་རེ་བ་བཅངས་ཡོད།

  2. ༄༅། །བཀུར་འོས་དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་མཆོག་ལ།

    ཆེད་དུ་ཞུ་དོན། སྐུ་ཉིད་ནི་བཞུགས་སྒར་དྷ་སའི་བོད་མིས་ཐད་ཀར་འོས་འདེམས་བྱས་པའི་ས་གནས་འགོ་འཛིན་ཞིག་ཡིན་པ་མ་ཟད། རྒྱ་གར་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་མིར་བསྐོ་བཞག་བྱུང་བའི་གནས་ཚུལ་ཞིག་བརྒྱུད་ལམ་ཁག་ནས་གོ་ཐོས་བྱུང་། ཐོག་མར་འཚམས་འདྲི་ཞུ་བ་དང་སྦྲགས་གོང་གསལ་གནས་ཚུལ་དང་འབྲེལ་བའི་ཐོག་ནས་རེ་བ་ཁ་ཤས་ཞུ་འདོད་བྱུང་།
    ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༠ དགོང་མོ་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཁྲབ་སྟོན་གཟིགས་འབུལ་ཞིག་ཡོད་པ་དང་། ང་དང་རོགས་པ་ཁ་ཤས་དེ་གར་བསྐྱོད་པ་ཡིན། འཁྲབ་སྟོན་ལ་བལྟས་ནས་ང་ཚོ་སྣང་བ་སྐྱིད་པོའི་ཐོག་ནས་ཕྱིར་ནང་ལ་སླེབས་པ་དང་། ཕན་ཚུན་ལབ་གླེང་གི་དགོང་དྲོ་དེ་སྐྱེལ་བ་ཡིན། སྐབས་དེ་དུས་ང་ཚོས་ཚུལ་ཁྲིམས་ལགས་རྒྱ་གར་ཡུལ་མི་ཕོ་གསར་ཁ་ཤས་ཀྱིས་ཐུབ་ཚོད་དང་། བརྙས་བཅོས་ཀྱིས་བསད་པའི་དོན་རྐྱེན་ཤེས་རྟོགས་བྱུང་མེད། ཕྱི་ཉིན་ཚེས་ ༣༡ ཉིན་ཞོགས་པ་ང་ཚོས་སྐད་འཕྲིན་སོགས་ནས་གོང་གསལ་སྟབས་མི་ལེགས་པའི་གནས་ཚུལ་ཅུང་ཟད་ཐོས་མ་ཐག་གནས་ཚུལ་ལྷག་ཡུལ་སྦག་སུ་ལམ་དུ་བསྐྱོད་པ་དང་། དེ་གར་སླེབས་མ་ཐག་ང་ཚོའི་མིག་ལམ་དུ་འཆར་པ་ནི་ལམ་ཚང་མ་ས་གཞི་ཁྲག་གིས་ཁེངས་པ་དང་། ད་དུང་ཁྲག་རྡོག་དེ་འདྲ་ཁ་དོག་ནག་པོར་ཆགས་འདུག ངའི་སེམས་ནང་མི་སྐྱིད་པའི་ཚོར་སྣང་ཤུགས་ཆེན་བྱུང་བ་ད་དུང་བརྗེད་མེད་དྲན་བཞིན་ཡོད།
    ངས་འདས་པོ་ཁོང་ངོ་མི་ཤེས་ང་ཚོ་ཚང་མ་བླ་མ་གཅིག་གི་སློབ་མ་དང་མི་རིགས་གཅིག་གི་བུ་སྤུན་ཡིན་པ་ཤེས་ཀྱི་ཡོད། ད་དུང་། ངས་ཤེས་པ་ནི་ཁོང་བོད་ཡུལ་ཁ་བའི་ལྗོངས་ནས་རང་གི་བརྩེ་བའི་ཕ་མ་མིང་སྲིང་སྤུན་ཟླ་ཡོངས་བཞག་ནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་ཡོད་པའི་བཙན་བྱོལ་བོད་མིར་རེ་བ་དང་ཡིད་ཆེས་ཆེན་པོས་རྒྱ་གར་ལ་སླེབས་པ། སླར་ཡང་དྲིན་ཅན་ཕ་མ་སྤུན་ཟླ་ཐུག་འདོད་ཡོད་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་། ཁོང་གིས་རེ་བ་ཕྱིར་ཕ་ཡུལ་ལ་ལོག་རྒྱུ་དང་། དྲིན་ཅན་ཕ་མ་སྤུན་སྲིང་ཐུག་རྒྱུའི་རེ་བ་ ༢༠༡༥ ཟླ་ ༡༠ ཚེས་ ༣༠ དགོང་མོ་དྷ་སའི་རྒྱ་གར་ཕོ་གསར་དེ་དག་གི་བརྙས་བཅོས་དང་ཐུབ་ཚོད་འོག་བརླགས་པ་རེད། སེམས་པ་སྐྱོ་བའི་གནས་ཚུལ་རེད། གཞིས་སུ་ཡོད་པའི་ཁོང་གི་ཕ་མ་སྤུན་ཉེའི་སེམས་ལ་སྡུག་བསྔལ་གང་འདྲ་ཞིག་སྦྱིན་མེད་དམ། ཁྱེད་ཀྱིས་ཚོར་ངེས།
    ད་ལན་ངས་མང་པོ་ཞུ་མི་དགོས་པར། དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཁྱེད་ཀྱིས་དེ་སྔ་བོད་ཀྱི་བང་ཆེན་དྲ་རྒྱའི་ཐོག་དོན་རྐྱེན་དེ་དང་འབྲེལ་བའི་བཅའ་འདྲིར་དང་ལེན་ཞིག་གི་ཐོག་གསུངས་པ་བཞིན། ངོས་རང་ནས་ཀྱང་སྐབས་དེའི་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེས་རང་ཉིད་ཕྱི་རྒྱལ་ལ་འགྲོ་རྒྱུའི་གོ་སྐབས་བྱུང་སྐབས་དེ་སྔ་ས་འགོར་ལངས་སྐབས་ཁས་ལེན་སྐྱུར་འཇོག་གིས་དུས་ཡུན་ལོ་གསུམ་མ་ཚང་སྔོན་ནས་ཕྱི་རྒྱལ་ལ་བསྐྱོད་པ་དང་། དམིགས་བསལ་ད་ཐེངས་ཚུལ་ཁྲིམས་ལགས་འདས་གྲོངས་སུ་གྱུར་སྐབས་དཔང་མིའི་འགན་འཁུར་ཡོད་བཞིན་དུ་སྣང་མེད་སྐྱུར་འཇོག་བྱས་པ་དེ་རིགས་ལ་མོས་མཐུན་རྩ་བ་ཉིད་ནས་མེད་ཅེས་བརྗོད་འདོད་བྱུང་། འོན་ཀྱང་དེང་སྐབས་བསོད་ནམས་རྡོ་རྗེས་ལག་པ་སྒུག་སྒུག་དེ་ཡར་སྐྱགས་ནས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐོག་ལ་འདྲ་ཆགས་པོའི་སྐད་ཆ་མང་པོ་བཤད་བཞིན་འདུག བྱང་ཨ་རིའི་བོད་རིགས་མི་མང་དང་། དོན་ཁང་ནས་བསོད་རྡོར་སོགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གིས་ལྡིང་ཆ་སྤྲོད་དགོས་མིན་གཟིགས་དགོས། ངའི་རེ་བར་འདས་པོ་ཁོང་གི་ཆེད་དྲང་བདེན་ཐག་གཅོད་ཡོང་སླད་དཔང་མི་བསོད་ནམས་རྡོ་རྗེ་དྷ་སར་སྐད་གཏོང་དགོས་བྱུང་ན་གཏོང་རོགས་ཞེས་བརྗོད་འདོད་བྱུང་ལ། དགོས་གལ་བྱུང་ན་ཁྲིམས་ཁང་དུ་དྷ་ས་གནས་བཞུགས་བོད་མི་མང་ཙམ་འཁྲིད་རོགས་གནང་ཞུ་རྒྱུ་ཡིན། མཐའ་དོན། ཟླ་བ་རིན་ཆེན་ཁྱེད་ལ་མི་མང་གིས་འོས་ཤོག་འཕེན་ནས་ས་འགོ་བསྐོ་བཞག་བྱས་པ་དེ་ནི་ཁྱེད་ཀྱི་མིང་བཟོ་རྒྱུའི་ཆེད་དུ་མིན་པར་ཁྱེད་ལ་རེ་བ་ཞིག་བཅོལ་ཡོད་པ་ཤེས་པའི་ཐོག་ནས་དྲང་བདེན་ཐག་གཅོད་ཡོང་སླད་འབད་བརྩོན་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། བཀུར་འོས་སྐུ་ངོ་དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས།
    ནོར་བུས་ཕུལ།