རྒྱ་ནག་ལ་ཁ་གཏད་གཅོག་པར་རྒྱ་གར་དང་ཨ་རི་མཉམ་འབྲེལ་དགོས།

ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཊེ་ལར་སཱོན་གྱིས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཡག་པོ་ཆགས་སྲིད་ཀྱང་དམངས་གཙོའི་རྒྱལ་ཁབ་ཨ་རི་དང་རྒྱ་གར་བར་གྱི་འབྲེལ་ལམ་ལྟ་བུ་ཆགས་མི་སྲིད་སྐོར་བརྗོད་འདུག
 
སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྟེང་། རྒྱ་ནག་དམར་ཤོག་ཚོགས་པའི་སྣེ་འཁྲིད་འོག་ད་ལྟ་རྒྱ་ནག་ནི་རྒྱལ་སྤྱིའི་སྒང་སྟོབས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་སྐོར་གྱི་ཡོངས་ཁྱབ་གཏམ་བཤད་བྱས་ཏེ་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ། ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་ཊེ་ལར་སཱོན་ལགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཏམ་བཤད་ཅིག་སྤེལ་ཏེ། རྒྱ་ནག་ལ་ཟུར་ཟ་དང་རྒྱ་གར་གྱི་དཔལ་འབྱོར་གོང་འཕེལ་སོགས་གནད་དོན་མང་པོ་ཞིག་ལ་བཟང་ཕྱོགས་ཀྱི་རེ་བ་ཡོད་སྐོར་བརྗོད་ཡོད་པ་རེད། 
 
སྐུ་ཞབས་ཊེ་ལོར་སཱོན་ལགས་ཀྱིས་རྒྱ་ནག་དང་ཨ་རི་རྒྱལ་ཁབ་གཉིས་དབར་མ་འོངས་པར་འབྲེལ་ལམ་ཡག་པོ་ཞིག་ཆགས་སྲིད་ཀྱང་། དམངས་གཙོ་གཙོ་བོར་འཛིན་པའི་རྒྱལ་ཁབ་རྒྱ་གར་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་ཟབ་པོ་ལྟར་ནམ་ཡང་འགྱུར་མི་སྲིད་པའི་སྐོར་དང་། དེ་བཞིན་རྒྱ་ནག་གིས་རང་གི་ཁེ་ཕན་ཆེད་དུ་རྒྱལ་ཁབ་ཆུང་ཆུང་རྣམས་ལ་དཔལ་འབྱོར་གྱི་རོགས་རམ་ལ་ཁ་གཡར་ཏེ་འཛུགས་བསྐྲུན་སྣ་ཚོགས་བྱེད་ཀྱི་ཡོད་ཀྱང་། མ་འོངས་པར་འཛུགས་བསྐྲུན་ལ་བརྟེན་ནས་རྒྱལ་ཁབ་དེ་དག་བུ་ལོན་གྱི་ནང་ལྷུང་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་དེ་ཉེན་བརྡའང་བཏང་ཡོད་འདུག
 
ཡང་ཁོང་གིས། དེང་སྐབས་རྒྱ་གར་བཞིན་རྒྱ་ནག་ཀྱང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ཡང་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་གུས་བརྩི་བྱེད་ཀྱི་མེད་པ་མ་ཟད། ལྷག་པར་དུ་རྒྱ་གར་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་གཙིགས་ཆེན་དུ་འཛིན་པའི་རྒྱ་ནག་ལྷོ་རྒྱུད་མཚོ་ཁུལ་གྱི་རྒྱལ་སྤྱིའི་སྒྲིག་ཁྲིམས་ལ་རྒྱ་ནག་གིས་རྡོག་རོལ་གཏོང་ཐབས་བྱེད་ཀྱི་ཡོད་སྟབས། རྒྱ་གར་དང་ཨ་རི་གཉིས་ཀྱིས་སྔར་ཡོད་འབྲེལ་ལམ་ལ་ཡར་རྒྱས་གཏོང་བའི་ཐོག་རྒྱལ་སྤྱིའི་སྟེང་དཔལ་འབྱོར་རྒྱ་སྐྱེད་དང་། རྒྱལ་ནང་ཞི་བདེ་ལྷིང་འཇགས་ཡོང་བར་འབད་བརྩོན་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།
 
རྒྱ་གར་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་རྗེས་མའི་ནང་སྐུ་ཞབས་ཊེ་ལར་སཱོན་རྒྱ་གར་དུ་གཞུང་འབྲེལ་སྐོར་སྐྱོད་ལ་སླེབ་རྒྱུ་ཡིན་པ་དང་། ཕྱི་ཟླ་ ༡༡ ནང་སྲིད་འཛིན་ཌོ་ནལ་ཊི་རུམ་ཕི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་སྐོར་སྐྱོད་འགྲོ་རྒྱུའི་གཏན་འཁེལ་བྱུང་ཡོད་པ་མ་ཟད། ཁོང་གིས་སྐབས་དེར་རྒྱ་ནག་ཏུའང་ཉིན་ཤས་རིང་ལྟ་སྐོར་ལ་འགྲོ་རྒྱུ་ཡིན་འདུག
 
དེ་རིང་དང་སང་ཉིན་ནི་རྒྱ་གར་ཧིན་རྡུའི་འོད་སྣང་དུས་ཆེན་ཡིན་པ་དང་། ཉིན་ཤས་གོང་ཨ་རིར་ཡོད་པའི་རྒྱ་གར་བ་དང་རྒྱ་གར་བ་འདྲེས་མ་ཚོ་ཕོ་བྲང་དཀར་པོའི་ནང་འདུ་འཛོམས་ཀྱིས་འོད་སྣང་དུས་ཆེན་སྲུང་གཙིའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་ཨ་རིའི་གཞུང་འབྲེལ་མི་སྣ་ཁ་ཤས་ཀྱང་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༠/༡༩

Leave a Reply

3 thoughts on “རྒྱ་ནག་ལ་ཁ་གཏད་གཅོག་པར་རྒྱ་གར་དང་ཨ་རི་མཉམ་འབྲེལ་དགོས།

  1. པ་སངས་ལྟར་དཀར།

    འདི་ནི་གསར་འགྱུར་ཞིག་མ་རེད། གླེན་བཤད་བབ་ཅོལ་ཞིག་བསྒྱུར་ཏེ་བཀོད་པ་དང་འདྲའོ།།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཨ་རི་ལ་རྒྱ་ནག་དགོས་པ་དང་རྒྱ་ནག་ལ་ཨ་རི་དེ་བས་ཀྱང་དགོས་ཡོད་ན་ཨ་རྒྱའི་ཆབ་སྲིད་ནི་དུག་སྦྲུལ་དཀར་ནག་དང་འདྲ་བས་ནམ་ཡང་ཡིད་ཆེས་དཀའོོ་།

    1. ཆབ་སྲིད་ནི་ཆབ་སྲིད་རང་རེད།
      དེ་རིང་གྲོགས་པོ་རེད།
      སང་ཉིན་དགྲ་རེད།
      དེ་རིང་ཡིན་ཟེར་གྱི་རེད།
      སང་ཉིན་མིན་ཟེར་གྱི་རེད།
      ཆབ་སྱིད་ཀྱི་འཁྲབ་སྟོན་ལ་གཟིགས་དང།