ཞི་ཡི་བསམ་བློའི་དགོངས་དོན་གསར་པར་སློབ་སྦྱོང་བྱོས།

དམར་ཤོག་ཚོགས་ཆེན་གྲོལ་བ་དང་འཕྲལ་དུ་ཞི་ཅིན་ཕིན་གྱི་བསམ་བློའི་དགོངས་དོན་གསར་པ་ཞེས་པ་ཞིག་རྒྱ་ནག་རྒྱལ་ཡོངས་སློབ་གྲྭ་ཁག་གི་སློབ་ཚན་ནང་ཡོངས་ཁྱབ་གཏན་འབེབ་བྱ་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་༢༣ ཉིན་རྒྱ་ནག་དམར་ཤོག་ཤེས་ཡོན་བློན་ཆེན་ཁྲིན་བྷོ་ཧྲིན་ (Chen Baosheng) གྱིས། མི་རིང་བར་ཚོགས་ཆེན་གྲོལ་བ་དང་འཕྲལ་དུ་ཞི་ཅིན་ཕིན་གྱི་བསམ་བློའི་དགོངས་དོན་རྒྱལ་ཡོངས་སློབ་གྲྭ་ཁག་གི་འཛིན་གྲྭ་རིམ་པ་བྱས་ཏེ། སློབ་དེབ་དང་ཉིན་རེའི་བྱེད་སྒོ་ཚང་མའི་ནང་དུ་གཏན་འབེབ་བྱ་རྒྱུ་ཡིན་པ་མ་ཟད། ཕྱོགས་ཡོངས་ནས་ཞི་ཡི་བསམ་བློའི་དགོངས་དོན་ལེགས་འགྲུབ་ཆེད། རྒྱལ་ཡོངས་ཀྱི་དགེ་རྒན་ཚོར་ཞི་ཡི་བསམ་བློའི་དགོངས་དོན་ཐོག་སྦྱོང་བརྡར་སྤྲོད་རྒྱུ་ཡིན། ཞེས་བརྗོད་འདུག

ཡང་ཁོས། དམར་ཤོག་ཚོགས་པའི་ཤེས་ཡོན་ལྷན་ཁང་ནས་ལས་དོན་དེའི་འགན་བླངས་ཏེ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཞི་ཡི་དགོངས་དོན་དེ་གཙོ་བོ་སྤྱི་ཚོགས་ཆབ་སྲིད་སློབ་ཚན་ནང་བཞག་སྟེ་རྒྱལ་ཡོངས་ཀྱི་ཤེས་ཡོན་སྲིད་བྱུས་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་པེ་ཅིན་གྲོང་ཁྱེར་ནས་སྲིད་བྱུས་དེ་ད་ལྟ་ནས་དངོས་སུ་ལག་བསྟར་མགོ་འཛུགས་བྱས་ཏེ། འཛིན་རིམ་དང་པོ་ནས་དགུ་པ་བར་སློབ་ཚན་གཏན་འབེབ་གྲ་སྒྲིག་བྱེད་ཀྱི་ཡོད་འདུག སློབ་ཚན་གཏན་འབེབ་ཚོགས་མི་ཞིག་གིས། གཞུང་ངོས་ནས་སློབ་ཚན་གསར་པ་སྒྲིག་བཞིན་པ་དེས་སློབ་ཚན་ནང་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་དང་དམར་ཤོག་ཚོགས་པའི་མགོ་འཁྲིད་ཚོའི་སྐོར་ལ་ཤུགས་ཆེ་རུ་གཏོང་གི་ཡོད་པ་དང་། སློབ་ཚན་དཀའ་ལས་ཁག་པོ་མང་པོ་ཞིག་ལས་སླ་རུ་གཏང་ན་སློབ་ཕྲུག་ཚོ་དགའ་སྤྲོ་སྐྱེས་རྒྱུ་ཡིན་སྐོར་བརྗོད་འདུག

ཨ་རིའི་ཨལ་བྷན་ནེ་(Albany)ཆབ་སྲིད་ཚན་རིག་པ་ཁྲིན་ཁྲུན་(Cheng Chen)གྱིས། སློབ་གྲྭ་ཁག་ཏུ་ཞི་ཡི་བསམ་བློའི་དགོངས་དོན་གསར་པ་ཞེས་པའི་སློབ་ཚན་གཏན་འབེབ་བྱེད་པ་ནི། མ་འོངས་པར་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པའི་གོ་གནས་སྲ་བརྟན་གཏོང་ཐབས་ཤིག་ཡིན་པ་མ་ཟད། ཞི་ཅིན་ཕིན་གྱི་སྲིད་སྐྱོང་དུས་སྐབས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་རང་བཞིན་ཞིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༡༩༨༩ ལོར་རྒྱ་ནག་ནང་སློབ་མའི་དམངས་གཙོའི་ལས་འགུལ་བྱུང་བ་ནས་རྒྱལ་ཡོངས་སློབ་གྲྭ་ཁག་གི་སློབ་དེབ་ལ་འགྱུར་བཅོས་བཏང་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མའི་ཉིན་རེའི་བྱ་འགུལ་དང་སློབ་ཚན་སོགས་ཚང་མ་དམར་ཤོག་ཚོགས་པའི་སྐོར་ལ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་རིམ་པའི་སྐབས་སུ་སློབ་གྲྭ་ཁག་ཏུ་ནུབ་ཕྱོགས་པའི་བསམ་བློའི་ལྟ་གྲུབ་སྐོར་ལ་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་༢༠༡༢ ལོར་ཞི་ཅིན་ཕིན་ལ་རྒྱ་ནག་གི་སྲིད་དབང་ཐོབ་པ་དང་། རྒྱ་ནག་རྒྱལ་ཡོངས་སློབ་གྲྭ་ཁག་གི་ཤེས་ཡོན་ལམ་ལུགས་ལ་དམ་དྲག་ཆེན་པོ་བྱས་ཡོད། ཁོས་གཏམ་བཤད་རིམ་པའི་ནང་དུ་ནུབ་ཕྱོགས་པའི་ལྟ་གྲུབ་ལ་དགག་བཞག་དང་། སློབ་ཆེན་ཁག་ཏུ་དམར་ཤོག་ཚོགས་པའི་ལམ་ལུགས་ལ་སློབ་སྦྱོང་དང་གཙི་སྲུང་བྱས་ཏེ་དམར་ཤོག་ཚོགས་པར་ཞབས་འདེགས་ཞུ་དགོས་པའི་སྐུལ་མ་བྱས་ཡོད་པ་རེད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། ད་ལོའི་ཟླ་དྲུག་པའི་ནང་རྒྱ་ནག་གཞུང་འབྲེལ་སློབ་ཆེན་ཁག་ཅིག་གིས་དམར་ཤོག་ཚོགས་པའི་སློབ་གསོ་དང་སྒྲིག་ཁྲིམས་གཙི་ཡི་མེད་པ་དང་དེ་ལ་ཧུར་བརྩོན་བྱེད་ཀྱི་མེད་སྐོར་བརྗོད་དེ། སློབ་ཆེན་དེ་དག་གི་མིང་སྤྱི་ཚོགས་སུ་ཡོངས་བསྒྲགས་ཀྱིས་ངོ་ཚར་གཏད་ཡོད་སྐོར་བརྗོད་འདུག

རྒྱ་ནག་ཤེས་ཡོན་བློན་ཆེན་གྱིས། སྐབས་ཤིག་ལ་རྒྱ་ནག་སློབ་ཆེན་ཁག་ནང་དོན་སྟོང་རིང་ལུགས་(Nihilism)དང་། སྤྱི་དམངས་རིང་ལུགས་(Populism)། རང་དབང་རིང་ལུགས་(liberalism) སོགས་མང་པོ་ཞིག་བྱུང་སྟེ་མགོ་རྙོག་དགོས་པ་ཞིག་བཟོས་ན་ཡང་། ད་ལྟ་མཐོ་རིམ་སློབ་ཆེན་ཁག་གི་སློབ་གསོར་སྟངས་འཛིན་དམ་པོ་བྱས་ཏེ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་མར་ཁེ་སི་རིང་ལུགས་ལ་གཙོར་འཛིན་བྱས་པས་དཀའ་ངལ་ཅུང་ཙམ་རེ་ལས་མེད་སྐོར་བརྗོད་འདུག

ཡང་ཁོས་རྒྱ་ནག་གི་སློབ་ཆེན་ཁག་གི་ནང་གཞུང་གི་གཏན་འབེབ་སློབ་ཚན་ལ་མོས་མཐུན་མེད་པའི་བསམ་བློ་ལྡོག་ཕྱོགས་འཛིན་མཁན་གྱི་སློབ་ཕྲུག་ཚོ་ཐབས་མཁས་པོས་འཛིན་གྲྭའི་ཕྱི་ལ་འཕུད་ཀྱི་ཡོད་པ་དང་། སྤྱིར་བཏང་སློབ་ཆེན་ཁག་ཏུ་ཉམས་ཞིབ་བྱེད་པར་ཚད་བཀག་ཅི་ཡང་མེད་ན་ཡང་། འཛིན་གྲྭའི་ནང་གང་བྱུང་བཤད་མི་ཆོག་པར་ངེས་པར་དུ་སློབ་དེབ་ནང་ག་རེ་ཡོད་པ་དེའི་རྗེས་སུ་འབྲང་དགོས་ཡོད་པ་རེད། ཅེས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༢༣

Leave a Reply

2 thoughts on “ཞི་ཡི་བསམ་བློའི་དགོངས་དོན་གསར་པར་སློབ་སྦྱོང་བྱོས།

  1. མིག་ལ་བཀག་རྣ་བོས་མི་ཐོས་པ་བཟོས་ན། ལོ་ཁ་ཤས་ཁུངས་འཁྱོལ་ཡོང་། དེ་ཚོ་ཡུན་རིང་བོར་གཏན་པོའི་ཐབས་ལམ་ཞིག་གང་ནས་ཡིན། སྙིང་རྗེ་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཟེར་བ། གོ་གནས་མི་ཤོར་ཕྱིར། དམ་དྲག་བྱེད་རྒྱུ་དེ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    གུང་ཁྲན་རིང་ལུགས་གྲལ་རིམ་དམངས་གཙོ་གཅིག་བསྡུད་འོག་།
    འཚོ་བའི་རྒྱ་ནག་མི་མང་ལ་སྐད་ཅིག་ཙམ་གྱི་བདེ་བ་གང་ན་ཡོད་།
    བཙན་དབང་འོག་ཏུ་ཕྲུ་གུའི་ཤེས་ཡོན་དམར་ཤོག་ཚོགས་པའི་བཀའ་བཙན་འདི་།
    རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་མདུན་དུ་ངོ་རེ་ཚ་།