དབུས་ཆབ་སྲིད་ལྷན་ཁང་ལ་རྒྱུན་ལས་ ༢༤ བདམས།

རྒྱ་ནག་དམར་ཤོག་ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་མཐོ་རིམ་རྒྱུན་ལས་ ༧ དང་རྒྱུན་ལས་ ༡༧། དབུས་རྒྱུན་ལས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་ ༢༠༤ ། བརྗེ་ཚབ་ཚོགས་མི་ ༡༧༢ བཅས་གཏན་འབེབ་བྱས་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་དང་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་གཉིས་ཀྱི་ནང་རྒྱུན་ལས་དཔོན་རིགས་ ༢༤ གཏན་འབེབ་བྱས་ཡོད་པ་དག་ནི། སྲིད་འཛིན་ཞི་ཅིན་ཕིན་ (Xi Jinping) དང་སྲིད་བློན་ལི་ཁེ་ཆཱང་ (Li Keqiang)། དབུས་རྒྱུན་རྩ་འཛུགས་ལྷན་ཚོགས་ཀྱི་མགོ་ཁྲིད་ཀྲོ་ལི་ཅི་ (Zhao Leji) དང་། དབུས་ཆབ་སྲིད་ལས་སྒྲུབ་ཁང་གི་མགོ་འཁྲིད་ལི་ཀྲན་ཧྲུའུ་ (Li Zhanshu)། དབུས་སྲིད་ཇུས་ཉམས་ཞིབ་ཁང་གི་མགོ་ཁྲིད་ཝང་ཧུ་ནིན་ (Wang Huning)། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་འདོན་སྲིད་བློན་གཞོན་པ་ཝང་ཡཱང་ (Wang Yang)། ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཧན་ཀྲིན་ (Han Zheng) བཅས་རྒྱུན་ལས་དང་། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཏིན་ཞུའུ་ཞང་ (Ding Xuexiang) དང་། རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་དྲུང་ཆེ་ཝང་ཁྲུན་ (Wang Chen)། ཞི་ཅིན་ཕིན་གྱི་དཔལ་འབྱོར་རིག་པའི་སློབ་སྟོན་པ་ལུའུ་ཧི་ (Liu He)། དབུས་དམག་དོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཞུའུ་ཆི་ཉཱིང་ (Xu Qiliang)། འཐབ་ཕྱོགས་གཅིག་གྱུར་ཁང་སྲིད་ཁྲིམས་ལྷན་ཁང་གི་མགོ་འཁྲིད་སུན་ཁྲུན་ལན་ (Sun Chunlan)། ལོ་ལིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ལི་ཞི་ (Li Xi)། ཅང་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ལི་ཆཱང་ (Li Qiang)། ཐེན་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ལི་ཧང་ཀྲོང་ (Li Hongzhong)། ཕྱི་འབྲེལ་བློན་ཆེན་ཟུར་པ་ཡཱང་ཅི་ཁྲི་ (Yang Jiechi)། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲུང་གཞོན་ཡཱང་ཞོ་ཏུ་ (Yang Xiaodu)། བཅིངས་གྲོལ་དམག་གི་དམག་སྤྱི་ཀྲང་ཡུའུ་ཞྭ་ (Zhang Youxia)། རྒྱ་ནག་དམར་ཤོག་དབུས་རྩ་འཛུགས་ཁང་གི་མགོ་འཁྲིད་གཞོན་པ་ཁྲིན་ཞི་ (Chen Xi)། ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་གོ་ (Chen Quanguo)། ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཁྲིན་མིན་ཨར་ (Chen Miner)། མི་དམངས་བདེ་འཇགས་ལྷན་ཁང་གི་མགོ་འཁྲིད་གོ་ཧྲིན་ཁུན་ (Guo Shengkun)། དབུས་དྲིལ་བསྒྲགས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ཧང་ཁུན་མེན་ (Huang Kunming)། པེ་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཚེ་ཆི་ (Cai Qi) བཅས་རེད་འདུག

ཡང་གནས་ཚུལ་དེའི་ནང་། འོས་འདེམས་ཀྱི་ཐོག་མར་འོས་འདེམས་ལྟ་ཞིབ་པ་ ༢ དང་། འོས་འདེམས་ཞིབ་བཤེར་བ་ ༣༦ བསྐོ་བཞག་བྱས་ཏེ། སྐབས་བཅུ་དགུ་པའི་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་ ༢༠༤ དང་། རྒྱུན་ལས་བརྗེ་ཚབ་པ་ ༡༧༢། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་ ༡༣༣ བདམས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་དམར་ཤོག་དབུས་རྒྱུན་ལས་ནང་ལི་ཁེ་ཆཱང་དང་ཝང་ཧུའུ་ནིན་(Wang Huning)། ལོའུ་ཆི་བྷོ་(Liu Qibao)། ཞུའུ་ཆི་ཉིང་(Xu Qiliang)། སིན་ཁྲིན་ལན་(Sun Chunlan)། ཝང་ཡཱང་(Wang Yang)། ཀྲང་ཁྲིན་ཞན(Zhang Chunxian)། ཀྲོ་ལི་ཅི་(Zhao Leji)། ཧུའུ་ཁྲིན་ཧྭ་(Hu Chunhua)། ལི་ཀྲན་སུའུ་(Li Zhanshu)། ཧན་ཀྲིན་(Han Zheng)་བཅས་གཏན་འབེབ་བྱས་ཡོད་སྐོར་བསྒྲགས་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་གལ་ཆེན་གཉིས་གཏན་འབེབས་བྱས་ཡོད་པའི་དང་པོ། དམར་ཤོག་ཚོགས་པའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གཏན་འབེབས་དང་། གཉིས་པ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་སྒྲེང་བ་དང་། མེར་ཁེ་སི་ལེ་ཉིན་རིང་ལུགས། མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིན་གྱི་དུས་བབ་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟེར་བ་བཅས་གཏན་འབེབ་བྱུང་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༢༦

Leave a Reply