ཧིན་རྡུ་ནི་ཤི་ཡའི་ནང་མེ་སྐྱོན་བྱུང་།

ཧིན་རྡུ་ནི་ཞི་ཡའི་ཤོག་སྤག་བཟོ་གྲྭ་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་གྲངས་ ༧༠ བརྒལ་བར་ཤི་རྨས་བྱུང་ཡོད་འདུག

རོ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པ་ཡས་མས་ཤིག་ལ་ཧིན་རྡུ་ནི་ཤི་ཡའི་རྒྱལ་ས་ཇཱ་ཁར་ཊའི་ནུབ་ཕྱོགས་ཀྱི་ཤོག་སྤག་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཆེན་པོ་བྱུང་སྟེ། མི་ ༣༠ རྐྱེན་ལམ་དུ་ཕྱིན་པ་དང་མི་ ༤༣ ལྷག་ལ་རྨས་སྐྱོན་བྱུང་ཡོད་འདུག

ས་གནས་ཉེན་རྟོག་དཔོན་པོ་ཧན་རེ་གཱོ་ནེ་ཝན་(Harry Kurniawan)ལགས་ཀྱིས། ད་ལྟའི་ཆར་མེ་སྐྱོན་ཇི་ལྟར་བྱུང་ཡོད་མེད་གསལ་པོ་ཤེས་རྟོགས་མེད་པ་དང་། རྨས་སྐྱོན་བྱུང་མཁན་རྣམས་ལ་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་སྐོར་བརྗོད་ཡོད་པ་དང་།  བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་ད་དུང་བཟོ་གྲྭ་དེར་མེ་འབར་བཞིན་ཡོད་པས་གནོད་འཚེ་ཐེབས་པའི་མིའི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་འདུག

ས་གནས་ཉེས་དོན་སྤྱི་ཁྱབ་འགན་འཛིན་ནེ་ཁོ་ཨ་ཧྥི་ཊ་(Nico Afinta)ཟེར་བ་ཞིག་གིས། ཤོག་སྤག་བཟོ་གྲྭ་དེ་སྒོ་འབྱེད་བྱས་ཏེ་ཟླ་གཅིག་ལྷག་ལས་ཕྱིན་མེད་པ་དང་། བཟོ་གྲྭ་དེར་ལས་བྱེད་ཁྱོན་བསྡོམས་ ༡༠༣ ཡོད་སྐོར་བརྗོད་འདུག

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། མེ་སྐྱོན་ཤོར་སྐབས་རྫས་འགྱུར་འབར་གས་ཀྱིས་བཟོ་གྲྭའི་ཁང་པར་གཏོར་བཤིག་ཐེབས་ཏེ། དེའི་ཉེ་འཁོར་གྱི་རླངས་འཁོར་ཚང་མ་མེ་ཡིས་འཚིགས་ཡོད་པ་རེད།

ན་ནིང་ཕྱི་ཟླ་ ༩ པའི་ནང་ཧིན་རྡུ་ནེ་ཤི་ཡའི་ནགས་ཚལ་ཆེན་པོ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། ཧ་ཝར་ཊི་དང་ཁི་ལིམ་བྷ་ཡ་གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་པ་ཚོས་བརྗོད་པ་ལྟར་ན། སྐབས་དེའི་མེ་སྐྱོན་ཁྲོད་ཧིན་རྡུ་ནེ་ཤི་ཡའི་ནང་མི་གྲངས་ཁྲི་ ༩ བརྒལ་བ་དུས་མིན་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེ་བཞིན། ཧིན་རྡུ་ནེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་སིང་གྷ་པོར་དང་མ་ལེ་ཞི་ཡ་ནང་མི་སྟོང་ཕྲག་ཁ་ཤས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༢༦

Leave a Reply

One thought on “ཧིན་རྡུ་ནི་ཤི་ཡའི་ནང་མེ་སྐྱོན་བྱུང་།

  1. དུས་བབས་རྩོམ་སྒྲིག་པ་ལགས། འདིར་མཆན་དགོས་དུས་མཆན་ལ་བརྩི་མེད་ཐོག་ནས་ནག་བསུབ་གཏོང་གི་འདུག་ག དེ་ཡག་རྟགས་ཤིག་ཡིན་གྱི་མ་རེད། ངས་དེ་སྔོན་བཀོད་པའི་མཆན་དེ་ལ་རྒྱུ་མཚན་ཡོད་ལ། དུས་བབ་ཚང་གི་འབྱུང་འགྱུར་ལས་དབང་ལ་བསམ་ནས་མཆན་བཏབ་པ་ཞིག་ལས། ཉེས་མེད་སྐྱོན་འཛུགས་བྱས་པ་རྩ་བ་ནས་མིན། མ་གཞི་དེང་སྐབས་དུས་བབ་ཀྱི་གནས་སྟངས་ག་པར་སླེབས་ཡོད་མེད་ཤེས་ཀྱི་རེད། བོད་ཀྱི་དེ་ཕོ་ནི་བོད་ཡིག་ཚགས་ཤོག་ནང་དུ་ཀློག་མཁན་མང་ཤོས་དེ་ཆགས་ཡོད། དེ་ནི་དུས་བབ་ཀྱིས་མ་འཇོན་པ་ཞིག་ལས། དེ་ཕོ་འཇོན་དྲགས་པ་ཡིན་གྱི་མ་རེད། དེར་བརྟེན་བསམ་ཚུལ་ཕུལ་བ་རྣམས་ལ་དང་ལེན་དང་ཡིད་འཇོག་གནང་ན་ཡག་པོ་ཡོད་རེད་བསམ་གྱིན་འདུག