བོད་རྒྱའི་གྲོས་མོལ་ལ་འབྲས་བུ་མི་འབྱུང་བའི་རྒྱུ་རྐྱེན་གཞན་ཞིག་ཡོད་དམ།

     ནམ་མཁའ། ཡོ་རུབ།

 མའོ་ཙེ་ཏུང་ཤི་རྗེས་ཀྱི་ལོ་རབས་བདུན་བཅུའི་མཇུག་སྟེ། ཏིན་ཞའོ་ཕེན་གྱིས་སྲིད་དབང་བཟུང་བ་ནས་བཟུང་། བོད་རྒྱའི་བར་གྱི་གནད་དོན་ཐད་གཞུང་སྒེར་གཉིས་ཀྱི་ལམ་ཟུང་སྦྲེལ་བྱས་ཏེ། གྲོས་མོལ་ཐེངས་མང་བྱུང་ཡོད།  ཡིན་ན་ཡང་། དེ་རིང་ད་དུང་ཡང་བོད་ནང་གི་དམ་དྲགས་ཀྱི་གནས་སྟངས་ལ་སྔར་བཞིན་འགྱུར་བ་ཅི་ཡང་ཕྱིན་མེད་པར་གནས་ཡོད།

ཕྲན་ལྟ་བུ་བོད་ཕྱི་ནང་གི་བོད་མི་ཕལ་བ་མང་པོའི་བསམ་ཚུལ་ལ། རྒྱ་ནག་དམར་ཤོག་ཚོགས་པའི་མཁྲེགས་འཛིན་བྱས་ཏེ། བོད་རྒྱའི་གྲོས་མོལ་ལ་འབྲས་བུ་མ་བྱུང་བའི་རྒྱུ་མཚན་ལས། རྒྱུ་རྐྱེན་གཞན་ཞིག་ཡོད་པ་ཡིད་ལ་ཡང་འཁོར་གྱི་མེད་ལ། རྒྱུ་རྐྱེན་གཞན་ཞིག་གི་སྐོར་ལ་ཕལ་ཆེར་བསམ་བློ་ཡང་བཏང་མྱོང་ཡོད་ཀྱི་མ་རེད་སྙམ། ཡིན་ན་ཡང་། ཕྲན་གྱི་མཐོང་སྣང་ཞིག་ལ། ཨ་རི་དང་ཡོ་རུབ་ད་རུང་རྒྱ་གར་སོགས་ཀྱིས་བོད་རྒྱ་གྲོས་མོལ་གྱི་འབྲས་བུ་མངོན་པ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་མ་ཟད། རྒྱ་ནག་དམར་ཕྱོགས་འཐོར་ཞིག་ཏུ་འགྲོ་བ་ལ་ཡང་འགོག་རྐྱེན་བཟོ་བཞིན་པའི་ཚོར་སྣང་ཞིག་བྱུང་།

དེ་ཡང་རྒྱུ་མཚན་མང་པོ་ཞིག་ཡོད་པའི་ནང་ནས། དཔེ་མཚོན་སྟབས་བདེ་ཞིག་བཀོད་ན། ཨ་རི་དང་ཡོ་རུབ་སོགས་ལ་རྒྱ་ནག་དམངས་གཙོར་འགྱུར་བ་ལས། རྒྱ་ནག་དམར་ཕྱོགས་ཚོགས་པས་དབང་བསྒྱུར་བྱས་ཏེ་བསྡད་ན། ཁོང་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཡོད་པ་མངོན་སུམ་ཡིན། དཔེར་ན། རྒྱ་ནག་དང་ཚོང་འབྲེལ་ཡག་པོ་མེད་པའི་ཉིན་མོར། ཨ་རི་དང་ཡོ་རུབ་སོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་བོད་མི་རིགས་ཀྱི་རང་དབང་གླེང་སྟེ། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་གང་ཐུབ་བྱེད་ཀྱི་ཡོད། ཨ་རི་དང་ཡོ་རུབ་སོགས་ལ་དཔལ་འབྱོར་གྱི་ཁེ་ཕན་བྱུང་བའི་སྐབས། འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་རང་དབང་རྟེན་གཞི་མེད་པའི་བར་སྣང་གི་འཇའ་ཚོན་བཞིན་རིམ་གྱིས་ཡལ་འགྲོ་གི་ཡོད། དེས་རྐྱེན་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་རང་དབང་ནི་རྒྱ་ནག་དང་ཨ་རི་ཡོ་རུབ་སོགས་ཀྱི་བར་ནས་ཚོང་རྩས་སུ་གྱུར་ཡོད་པ་རེད།

ད་རུང་དེ་ལས་ཀྱང་ཁ་གསལ་རུ་བཏང་སྟེ་དཔེ་མཚོན་ཞིག་བཀོད་ན། འཛམ་གླིང་གི་དྲ་རྒྱའི་བསྟི་གནས་གྷོ་གྷལ་༼google༽ཚང་གིས་རྒྱ་ནག་གི་སྲིད་གཞུང་ལ་གནོད་པའི་གནས་ཚུལ་ཕར་ཡོང་ཚུར་ཡོང་གི་ཕྱི་ནང་གཉིས་ཀྱི་གནས་ཚུལ་འགོག་གི་ཡོད། རྒྱ་ནག་སྲིད་གཞུང་དང་འགལ་ཟླའི་གནས་ཚུལ་འགོག་པའི་དྲ་རྒྱའི་མཉེན་ཆས་དེའི་མིང་ལ། རྒྱ་ནག་གི་ཤེས་ཡོན་ཅན་ཚོས་དྲ་ལམ་གྱི་ལྕགས་རི་ཆེན་མོ་ཞེས་བཏགས་ཡོད། དེས་རྐྱེན་རྒྱ་ནག་སྲིད་གཞུང་གིས་གྷོ་གྷལ༼google༽ཚང་ལ་ལོ་རེ་ཨ་སྒོར་ས་ཡ་༦༠༠སྤྲད་ཀྱི་ཡོད། གལ་སྲིད་རྒྱ་ནག་དམངས་གཙོར་འགྱུར་བའི་ཉིན་མོར། གྷོ་གྷལ་ཚང་གི་ཁེ་ཕན་ཆེན་པོ་ཨ་སྒོར་ས་ཡ་དྲུག་བརྒྱའི་ཡོང་འབབ་ཀྱི་སྒོ་རྒྱབ་ཚར་བ་རེད།

ད་དུང་ཉེ་བའི་ཆར་ནས་བཟུང་།ངོ་དེབ་ཚང་ལ་ཡང་རྒྱ་ནག་སྲིད་གཞུང་གིས་དངུལ་སྤྲད་དེ། རྒྱ་ནག་སྲིད་གཞུང་དང་འགལ་བའི་གནས་ཚུལ་བཀོད་མ་ཐག་ངོ་དེབ་ཚང་གིས་འགོག་གི་ཡོད། དེས་སྟབས་ཀྱིས་རྒྱ་ནག་མི་དམངས་དཀྱུས་མ་ཚོའི་བདེ་སྡུག་ནི། རྒྱ་ནག་གི་དབང་འཛིན་པ་ཚོ་དང་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་སྐོར་ཞིག་གི་བར་གྱི་ཚོང་རྩས་ཁོ་ན་ཡིན་པ་ལས། དོན་ངོ་མའི་སྟེང་ནས་བཤད་ན། དཔལ་འབྱོར་དང་འགྲོ་བ་མིའི་ཐོབ་ཐང་གཉིས་ཀྱི་ནང་ནས། སོ་སོའི་ལུང་པའི་དཔལ་འབྱོར་གཙོ་བོར་འཛིན་པ་ལས། འགྲོ་བ་མིའི་ཐོབ་ཐང་ནི་སྣོད་ཆས་མི་གཙང་བ་ཞིག་ལ། མིག་དབང་འཕྲོག་པའི་མཛེས་ཆས་ཀྱིས་གཡོགས་པ་ལྟ་བུ་ཞིག་རེད།

རྒྱ་ནག་ཏུ་ཡོད་པའི་འཛམ་གླིང་གི་གསར་འགྱུར་འགོད་སྟངས་ཡང་།༡༩༨༩ལོའི་འཛམ་གླིང་གསར་འགོད་པ་དང་དེང་སང་གི་འཛམ་གླིང་གསར་འགོད་པ་ཚོའི་བར་ན་ཡང་ཁྱད་པར་ཆེན་པོ་ཤོར་ཡོད། དཔེར་ན།༡༩༨༩ལོར་སློབ་ཕྲུག་ཚོས་ཞི་རྒོལ་ཆེན་མོ་བྱེད་སྐབས། འཛམ་གླིང་གི་གསར་འགོད་པ་ཚོས་སོ་སོའི་ལུང་པའི་གསར་འཕྲིན་ནང་བཀོད་དེ། གནས་ཚུལ་ཚ་བོ་བཟོས་སྟབས། འཛམ་གླིང་སྟེང་སྐད་གྲགས་ཆོད་པ་ཞིག་བཏང་ཡོད། ཡིན་ན་ཡང་། དེང་སང་པེ་ཅིན་དུ་ཡོད་པའི་འཛམ་གླིང་གི་གསར་འགོད་པ་ཚོའི་གསར་འགྱུར་འགོད་སྟངས་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་པ་རེད།

དཔེར་ན།ལོ་འདིའི་ནང་བྱམས་སེམས་རིག་གནས་ཀྱི་ཁྲོམ་རའི་མ་རྐང་འཇོག་མཁན་གཙོ་བོ་འཛིན་བཟུང་བྱས་པ་ལ་རྟེན། དབང་པོ་སྐྱོན་ཅན་སོགས་མི་དམངས་ཁྲི་བརྒལ་བ་ཚོས།༢༡/༧/༢༠༡༧ལོའི་པེ་ཅིན་གྱི་གནམ་སྡེ་སྒོ་མོ་ཆེ་ཡི་ཐང་ཆེན་ནས། ཞི་རྒོལ་དང་ཟས་བཅད་ངོ་རྒོལ་བྱས་ཀྱང་། འཛམ་གླིང་གི་གསར་འགྱུར་ཆེ་ཁག་གཅིག་གི་ནང་དུ་ཡང་ཐོན་མེད། ཞི་རྒོལ་འདི་དུས་ཚོད་གཅིག་གི་རིང་བྱས་པ་ཞིག་མ་ཡིན་པར། ཚེས༢༡ནས་༢༤བར་བྱས་ཡོད། པེ་ཅིན་དུ་ཡོད་པའི་འཛམ་གླིང་གསར་འགོད་པ་ཚོ་ཐག་རིང་ཞིག་ལ་འགྲོ་མི་དགོས་བར་ཁོང་ཚོའི་མིག་མདུན་ན་ཡོད། ཡིན་ཡང་ཁོང་ཚོའི་ལུང་པ་ལ་དགོས་བའི་གསར་འགྱུར་མིན་པས། དོན་སྣང་སྤུ་ཙམ་ཡང་མ་བྱས་བར་སྣང་མེད་དུ་སྐྱུར་བ་རེད། འདི་ལྟར་གནས་ཚུལ་ཕྱོགས་ཡོང་ནས་བལྟས་ཏེ་བསམ་གཞིགས་བྱས་ཚེ།

ཨ་རི་སོགས་དམངས་གཙོ་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་མང་པོས། རྒྱ་ནག་དམར་ཤོག་ཚོགས་པ་འཐོར་བཤིག་ཏུ་མི་འགྲོ་བའི་ཆེད་འབད་བརྩོན་མི་བྱེད་ན་ཡང་། རྒྱ་ནག་མི་དམངས་དཀྱུས་མ་ཚོའི་བདེ་སྡུག་བསམ་སྟེ།རྒྱ་ནག་དམར་ཤོག་ཚོགས་པ་འཐོར་བཤིག་ཏུ་འགྲོ་བའི་ཆེད་མཐུན་རྐྱེན་མི་སྒྲུབ་པ་གསལ་བོ་རེད་སྙམ། འདི་ལྟར་བསམ་བློ་རིམ་པ་མང་པོ་ཞིག་བཏང་སྟེ་བཤད་ན།ཨ་རི་དང་ཡོ་རུབ་རྒྱ་གར་སོགས་ཀྱིས་གཞུང་སྒེར་གཉིས་ཀྱི་ལམ་ནས།བོད་རྒྱའི་གྲོས་མོལ་གྱི་འབྲས་བུ་འབྱུང་བ་ལ་ཡང་འགོག་རྐྱེན་མང་པོ་ཞིག་བཟོ་གི་ཡོད་པ་རེད་སྙམ།

དཔེར་མཚོན་ཙམ་ཞིག་ཞུས་ན། ཏིན་ཞའོ་ཕེན་གྱིས་སྲིད་དབང་བཟུང་བའི་སྐབས་ཀྱི་ལོ་རབས་༨༠ནང་ལ།རྒྱ་ནག་སྲིད་གཞུང་གིས་ཚུར་བོད་གཞུང་དང་འབྲེལ་བ་བྱས་ཏེ།གྲོས་མོལ་བྱེད་འདོད་ཡོད་པའི་གྲོས་གཞི་བཏོན་པ་མ་ཟད། གྲོས་མོལ་བྱེད་ཡུལ་ཡང་རང་གཞུང་ལ་གདམས་གསེས་བྱེད་དུ་བཅུགས་པས།  རང་གཞུང་གི་བཀའ་ཤག་དང་གྲོས་ཚོགས་གཉིས་ཀྱིས་ཉིན་བཞིའི་རིང་གྲོས་མོལ་བྱས་བའི་སྐབས། གྲོས་མོལ་མི་སྣའི་ནང་ཧོ་ལེན་ཊའི་མི་རིགས་ཡིན་ཞིང་། ཨ་རིའི་མི་སེར་གྱི་ལག་ཁྱེར་ཡོད་པའི་༼ཇོན་མེ་ཁེལ་༽ཟེར་བའི་ཁྲིམས་ལུགས་པ་ཞིག་ཡོད་པ་དེས།

སྐབས་དེར་ཁོས་བོད་གཞུང་ལ་ལས་རོགས་བྱེད་ཀྱི་ཡོད་སྟབས།ཁོ་རང་གྲོས་མོལ་མི་སྣའི་གྲལ་དུ་ངེས་བར་དུ་འཇོག་དགོས་ཞེས་ཨུ་ཚུགས་མཐར་བསྐྱལ་པས།མཐའ་མར་ཕྱི་རྒྱལ་མི་རིགས་དཀར་པོ་དེ་གྲོས་མོལ་མི་སྣའི་ནང་དུ་བཞག་སྟེ།རྒྱ་ནག་གཞུང་ལ་གྲོས་མོལ་མི་སྣ་དང་གྲོས་མོལ་གྱི་ལོ་ཟླ་ཉི་མ་གྲོས་མོལ་བྱེད་ཡུལ་གྱི་ས་གནས་སོགས་གཏན་འཁེལ་བྱས་ཏེ། ༡༩༨༩ལོའི་ཟླ་བ༢ཚེས༢ཉིན་སིད་སིའི་༼ཇི་ནེ་ཝར༽གདམས་སྟེ།སིད་སི་གཞུང་ལ་ཡང་སྙན་ཞུ་ཕུལ།སིད་སི་གཞུང་གིས་ཀྱང་དགའ་སྤྲོ་ཆེན་མོའི་ཐོག་ནས། འགྲོ་སོང་ཅི་ཡོད་སིད་སི་གཞུང་གིས་གཏོང་གི་ཡིན་ཞེས་ཁས་ལེན་ཆ་ཚང་བྱས་ཟིན།

སྐབས་དེར་རྒྱ་ནག་སྲིད་གཞུང་གིས་ཚུར་བོད་གཞུང་ལ་རེ་བ་དང་དྲི་བ་བཏོན་པ་ཞིག་ལ།གྲོས་མོལ་གྱི་མི་སྣའི་ནང་ཕྱི་རྒྱལ་གྱི་མི་རིགས་དགོས་དོན་མི་འདུག་ལ།གྲོས་མོལ་མི་སྣའི་ནང་༧གོང་ས༧རྒྱལ་བ་རིན་པོ་ཆེ་ཡི་བློ་ཁེལ་ཐུབ་སའི་མི་སྣ་ཡིན་པ་གང་ཞིག་ལ། བོད་རྒྱའི་བར་གྱི་འབྲེལ་ལམ་ལ་ཉམས་མྱོང་དང་རྒྱུས་ཡོད་ཅན་ཞིག་དགོས་ཞེས་རེ་སྐུལ་ཞུས་འདུག  སྐབས་དེའི་བཀའ་ཁྲི་འདས་བོ་འཇུ་ཆེན་ཐུབ་བསྟན་གྱིས་མི་སྣ་དེ་སྐུ་ངོ་རྒྱལ་ལོ་དོན་འགྲུབ་ཟེར་གྱི་ཡོད་པས།ང་ཚོས་སྐུ་ངོ་ཁོང་ངེས་བར་དུ་གྲོས་མོལ་མི་སྣའི་ནང་འཇོག་དགོས་ཞེས་ཞུ་དུས།ཨ་རིའི་མི་སེར་གྱི་ལག་ཁྱེར་ཡོད་པའི་ཧོ་ལེན་ཊཱའི་མི་ཇོན་མེ་ཁེལ་ཟེར་བ་དེས། སྐུ་ངོ་རྒྱལ་ལོ་དོན་འགྲུབ་རྒྱལ་བ་རིན་པོ་ཆེ་ཡི་ཁྱིམ་ཚང་གི་མི་ཡིན་པས། ཁྲིམས་ལུགས་ལྟར་ཁོང་གྲོས་མོལ་མི་སྣའི་གྲལ་དུ་བཞག་ན་འགྲིག་གི་མ་རེད་ཟེར་ནས་འགོག་རྐྱེན་བཟོ་གང་ཐུབ་བྱས་པ་མ་ཟད། བཀའ་ཤག་གི་ངོས་ནས་གསལ་བསྒྲགས་སྤེལ་དགོས་ཚུལ་བཤད་པས། སྐབས་དེའི་བཀའ་ཁྲི་འཇུ་ཆེན་གྱིས་དེ་བཀའ་ཤག་གི་ངོས་ནས་གསལ་བསྒྲགས་སྤེལ་མི་ཐུབ་ཅེས་ངོས་ལེན་རྩ་བ་ནས་མ་བྱས་སྟབས། བཀའ་ཤག་དང་གྲོས་མོལ་མི་སྣ་ཚོར་༧གོང་ས༧མཆོག་ལ་མཇལ་ཁ་བཅར་སྟེ། མཐའ་མ་སྐུ་ངོ་རྒྱལ་ལོ་དོན་འགྲུབ་གྲོས་མོལ་གྱི་སློབ་སྟོན་པ་ཙམ་ལ་བསྐོ་བཞག་བྱས་ལས། གྲོས་མོལ་གྱི་མི་སྣའི་གྲལ་བསྐོ་བཞག་བྱེད་ཐུབ་མེད། དེའི་འགོག་རྐྱེན་བཟོ་མཁན་གཙོ་བོ་ཨ་རིའི་མི་སེར་གྱི་ལག་ཁྱེར་ཡོད་ཧོ་ལེན་ཊའི་མི་ཇོན་མེ་ཁེལ་དང་བཀའ་བློན་བཀྲ་ཤིས་དབང་འདུས་རྒྱ་རི་བློ་གྲོས་རྒྱལ་མཚན་གསུམ་རེད།

དུས་དེ་འདྲ་ཞིག་ལ།སྐབས་དེར་ལྡི་ལིར་དོན་གཅོད་ཁང་དུ་ཡོད་པའི་བཀའ་བློན་བཀྲ་ཤིས་དབང་འདུས་ཀྱིས་ལྡི་ལི་ནས་ཁ་པར་འབྱོར་ཏེ། གྲོས་མོལ་བྱེད་ཡུལ་སིད་སི་འགྲིག་གི་མི་འདུག་པས།ཧོང་ཀོང་ནས་བྱེད་དགོས་ཅེས་རྒྱལ་བ་རིན་པོ་ཆེ་ཡི་བཀའ་ཕེབས་སོང་ཟེར། དེའི་ཕྱི་ཉིན་བཀྲ་ཤིས་དབང་འདུས་ཀྱིས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུ ང་ཚབ་ཁང་ལ་ཡང་དེ་ལྟར་བཤད་སྟབས། རྒྱ་གར་གྱི་གསར་ཤོག་ཐོག་ཡང་བཏོན།

ད་རུང་ཉིན་ཤས་རྗེས་བཀའ་བློན་བཀྲ་ཤིས་དབང་འདུས་དང་རྒྱ་རི་བློ་གྲོས་རྒྱལ་མཚན་གཉིས་ཀྱིས་ཧོ་ལེན་ཊའི་མི་ཇོན་མེ་ཁེལ་བཀའ་ཤག་ཏུ་ཁྲིད་ཡོང་སྟེ། གོང་དུ་བཤད་པའི་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་གྲོས་མོལ་མི་སྣའི་གྲལ་དུ་བཞག་ན་མི་ཆོག་པའི་བཀའ་རྒྱ་བཀའ་ཤག་ནས་གསལ་བསྒྲགས་སྤེལ་དགོས་པ་དང་། གྲོས་མོལ་བྱེད་ཡུལ་ཡང་ཧོང་ཀོང་ནས་བྱེད་དགོས་ཚུལ་སོགས་བཀའ་ཤག་ནས་ཐག་གཅོད་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ་དགོས་བའི་བསམ་ཚུལ་ཤུགས་ཆེན་བཏོན་པས།

བཀའ་ཤག་ནས་ཐག་གཅོད་གཙང་མ་ཞིག་བྱེད་མ་ཐུབ་པར་ལུས་བའི་སྐབས་དེར། རྒྱ་ནག་གཞུང་ནས་ཡང་༧གོང་ས༧མཆོག་གིས་སི་ཊ་སི་སྦག་ནས་ཞི་བའི་དོན་ཚན་ལྔ་གསུངས་བཤད་གནང་བའི་ནང་གི་དོན་ཚན་ལྔ་བ་དེར།རྒྱ་ནག་གཞུང་གིས་དོགས་སློང་བྱས་དེ་ཕྱེད་རང་བཙན་རེད་ཞེས།དེའི་ཐོག་གྲོས་མོལ་བྱེད་སྟངས་ལ་ཕན་ཚུན་བར་གྱི་གླེང་གཞི་ཅན་ཞིག་ཏུ་གྱུར་བའི་མཚམས་དེར།༨༩ལོའི་དྲུག་བཞི་དོན་རྐྱེན་བྱུང་བ་དང་འབྲེལ་གྲོས་མོལ་གྱི་འབྲེལ་བ་ཆད་ཚུལ་སོགས།སྐབས་དེའི་བཀའ་ཁྲི་འཇུ་ཆེན་ལ་༡༩༩༩ལོར་བཅའ་འདྲི་བྱས་པའི་ནང་གི་CD12ནང་གསུངས་འདུག་པས། སྐབས་དེའི་བཀའ་བློན་དེང་སང་གི་ཁྲིམས་དཔོན་ཟུར་བ་བློ་བཟང་དར་རྒྱས་འཚོ་བཞུགས་ཡིན་སྟབས། ཁོང་ལ་སྐད་ཆ་དྲིས་ན་གསལ་བོར་ཤེས་ཐུབ་སྙམ། ཡིན་ན་ཡང་། བཀའ་ཟུར་བཀའ་ཤིས་དབང་འདུས་དང་བཀའ་ཟུར་རྒྱ་རི་བློ་གྲོས་གཉིས་ཀྱིས་སྐད་ཆ་དྲང་མོ་བཤད་ཀྱི་མ་རེད་སྙམ།རྒྱུ་མཚན་ནི། ཁོང་གཉིས་ནི་སྐབས་དེར་ཧོ་ལེན་ཊའི་མི་ཇོན་མེ་ཁེལ་དང་མཉམ་དུ་བོད་རྒྱ་གྲོས་མོལ་ལ་འགལ་རྐྱེན་བཟོ་མཁན་གྱི་གྲལ་དུ་ཡོད་པས་རེད།

གང་ལྟར་ཡང་ང་ཚོས་གོང་གི་བཀའ་ཁྲི་ཟུར་བ་འདས་བོ་འཇུ་ཆེན་ལགས་ཀྱིས་གསུངས་བ་ལ་གཞི་བཅོལ་ཏེ། བོད་རྒྱའི་གྲོས་མོལ་ལ་འབྲས་བུ་ཞིག་མ་བྱུང་བའི་འགལ་རྐྱེན་རྒྱ་ནག་ཁོ་ན་རེད་དམ། ཡང་ན་འགལ་རྐྱེན་བཟོ་མཁན་རྒྱལ་ཁབ་གཞན་དང་མི་རིགས་གཞན་ཡོད་མེད་ལ་དཔྱད་པ་བཏང་ཆོག  བོད་རྒྱའི་བར་ལ་རྒྱུས་མངའ་མེད་པའི་ཧོ་ལེན་ཊའི་མི་ཇོན་མེ་ཁེལ་གྱིས་བཙན་བྱོལ་གཞུང་གི་བཀའ་ཤག་ལ་སྟངས་འཛིན་བྱས་ཏེ། གྲོས་མོལ་གྱི་མི་སྣའི་ནང་དུ་ཁོ་རང་ཨུ་ཚུགས་ཀྱིས་འཛུལ་ཞུགས་བྱེད་དགོས་བའི་རྒྱུ་མཚན་དང་། བོད་རྒྱ་གཉིས་ཀྱི་གནས་སྟངས་ལ་རྒྱུས་མངའ་ཆེ་བའི་སྐུ་ངོ་རྒྱལ་ལོ་དོན་འགྲུབ་གྲོས་མོལ་མི་སྣའི་ནང་དུ་བཀག་འགོག་བྱེད་དགོས་བའི་རྒྱུ་མཚན། ད་རུང་གྲོས་མོལ་བྱེད་ཡུལ་བཀའ་ཤག་ནས་ཐག་གཅོད་བྱས་ཟིན་ན་ཡང་། ཉིན་ཤས་རྗེས་སུ་ལྡི་ལིའི་དོན་གཅོད་བཀྲ་ཤིས་དབང་འདུས་དང་རྒྱ་རི་བློ་གྲོས་གསུམ་གྱིས་སིད་སི་ས་གནས་སུ་བྱེད་དུ་མི་འཇུག་པར་ཧོང་ཀོང་དུ་བྱེད་དགོས་ཚུལ་སོགས་བཤད་པའི་རྒྱུ་མཚན་ཅི་ཡིན་ནམ། འདི་དག་ཚང་མ་ནི་དོགས་པའི་གནས་ཀྱི་དྲི་བ་རྐྱང་ཡིན་ལ།

དང་པོ་ཁོང་ཚོས་རྒྱལ་བ་རིན་པོ་ཆེ་ཡི་བཀའ་རེད་ཅེས་ཁ་པར་བཏང་ན་ཡང་། ཉིན་ཤས་རྗེས་སུ་བཀའ་ཤག་ནས་ཐག་གཅོད་བྱས་པ་ཡིན་ཅེས་གསལ་བསྒྲགས་སྤེལ་དགོས་ཚུལ་བཤད། གལ་སྲིད་རྒྱལ་བ་རིན་པོ་ཆེ་ཡི་བཀའ་ཡིན་ན་བཀའ་ཤག་གིས་རྒྱལ་བ་རིན་པོ་ཆེ་ཡི་བཀའ་རེད་ཅེས་གསལ་བསྒྲགས་སྤེལ་མ་ཆོག་པ་གང་ཡིན་ནམ། འདིར་ར་སྤྲོད་གསལ་བོར་བྱེད་ཐུབ་པ་ཞིག་ལ། གྲོས་མོལ་བྱེད་ཡུལ་སོགས་ལ་འགྱུར་བ་གཏོང་དགོས་ཚུལ་དེ་རྒྱལ་བ་རིན་པོ་ཆེ་ཡི་བཀའ་དགོངས་མིན་པ་གསལ་བོར་རེད་སྙམ་པས། ཇོན་མེ་ཁེལ་དང་བཀའ་ཟུར་བཀྲ་ཤིས་དབང་འདུས་དང་བཀའ་ཟུར་རྒྱ་རི་བློ་གྲོས་གསུམ་གྱིས་ལྐོག་གྲོས་ཞིག་གི་ཚུལ་དུ་མཐོང་སོང་པས། བོད་ཀྱི་གཏམ་དཔེ་ཞིག་ལ། ཇག་པས་ཐུབ་པའི་སྒང་ལ། རོགས་པས་ཡང་ཐུབ་ཟེར་བ་ལས་མ་འདས།  རྒྱུ་མཚན་འདི་འདྲ་ལ་རྟེན་རྗེས་ཕྱོགས་ཀྱི་བོད་རྒྱ་གྲོས་མོལ་གྱི་གོ་སྐབས་བྱུང་བའི་ཉིན་མོར། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་མི་སྣའི་མཆུ་ཏོ་བོད་རྒྱའི་གྲོས་མོལ་ནང་ཡོང་གི་མི་འཇུག་པར་གཟབ་དགོས་བར་སྙམ།

ང་ཚོའི་གནས་ཚང་རྒྱ་གར་གཞུང་དང་འབྲེལ་ནས་བཤད་ན་ཡང་། བཙན་བྱོལ་གཞུང་གིས་རྒྱལ་ཁབ་གཞན་དང་གཞུང་འབྲེལ་གྱིས་འབྲེལ་བ་བྱེད་དགོས་ཚེ། རྒྱ་གར་གཞུང་གིས་ཆོག་མཆན་དགོས་ཀྱི་ཡོད། དེས་རྐྱེན་ལྷག་པར་དུ་རྒྱ་གཞུང་དང་འབྲེལ་བ་བྱེད་དགོས་ཚེ་ཡང་རྒྱ་གར་གཞུང་གི་ཆོག་མཆན་སྤྲད་མིན་ལ་རག་ལས་ཡོད། ལྷག་པར་དུ་༧གོང་ས༧རྒྱལ་བ་རིན་པོ་ཆེ་རྒྱ་གར་ནས་བཞུགས་བསྡད་ན། འཛམ་གླིང་གིས་རྒྱ་གར་གཞུང་ལ་མཐོང་སྤྲད་སྟངས་ཡང་ཁྱད་པར་ཆེན་པོ་ཡོད་ལ། ཆུང་ས་ནས་བཤད་ན་ལྷག་པར་དུ་ཧི་མ་ཅལ་མངའ་སྡེ་ལ་ལྟ་སྐོར་བ་མང་པོ་ཡོང་གི་ཡོད་པས་དཔལ་འབྱོར་གྱི་ཁེ་ཕན་ཡང་ཆེན་པོ་ཡོད། དེའི་རྐྱེན་གྱིས་རྒྱ་གར་གཞུང་གིས་ཀྱང་བོད་རྒྱའི་གྲོས་མོལ་ལ་འགལ་རྐྱེན་བཟོ་སྲིད་པ་ཞིག་ཡིན།

ཉེ་བའི་ཆར་གཏམ་གསང་ལམ་ནས་རིམ་གྱིས་ཐོས་པ་ཞིག་ལ། ལོ་གཉིས་ཀྱི་གོང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་རྒྱ་གར་དུ་ཡོང་སྐབས། ཞི་ཅིན་ཕེན་གྱིས་རྒྱ་གར་གཞུང་ལ་རེ་བ་བཤད་དེ་༧གོང་ས༧རྒྱལ་བ་རིན་པོ་ཆེ་མཇལ་འཕྲད་ཞུ་གི་ཡིན་གསུངས་དུས། རྒྱ་གར་སྲིད་གཞུང་ཁས་ལེན་མ་བྱས་པར་འགལ་རྐྱེན་བཟོས་ཡོད། དེའི་གནས་ཚུལ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་གནད་ཡོད་འགའ་ལ་དྲིས་ན་གསལ་ཡང་། དེ་རིང་མི་སྣའི་མིང་ཁྲོམ་བསྒྲགས་བྱེད་པའི་དུས་མིན་སྟབས་འདིར་བཀོད་མེད།   གང་ལྟར་ཡང་མཐའ་སྡོམ་ནི། བོད་རྒྱའི་གྲོས་མོལ་ལ་འབྲས་བུ་གཡུར་དུ་ཟ་བ་ཞིག་འབྱུང་བ་ལ། རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་པ་ཚོས་ལྟ་བ་མཁྲེགས་འཛིན་ཁོ་ན་ཡིས་འབྲས་བུ་མ་བྱུང་བ་ཞིག་མ་ཡིན་པར།བར་མཚམས་སུ་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་འགལ་རྐྱེན་དུ་མ་བཟོ་བཞིན་པ་དེ་ང་ཚོས་ཤེས་དགོས་པ་དེ་ཡིན།

བསྐྱར་བཅོས།: ༢༠༡༧/༡༠/༢༧

Leave a Reply to བཀྲ་ཤིས་དོན་གྲུབ་ Cancel Reply

8 thoughts on “བོད་རྒྱའི་གྲོས་མོལ་ལ་འབྲས་བུ་མི་འབྱུང་བའི་རྒྱུ་རྐྱེན་གཞན་ཞིག་ཡོད་དམ།

  1. བཀྲ་ཤིས་དོན་གྲུབ་

    ཁོང་གི་དྲྭ་རྒྱ་ཁ་ཅང་རག་གི་རེད་པས་།། ཁོང་གི་མཐའ་མ་གསུང་དོན་ལ་གནན་གག་འདུག་གལ་སྲིད་བདེན་པ་ཡིན་ན།།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ་།
    མ་འོངས་མདུན་བསུ་བྱེད་པ་རྒན་ཁོག་བློ་།
    ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ་།
    དུས་གསུམ་མཉམ་སྲེས་བྱེད་པ་རྩིས་མཁན་བློ་།

  3. དུས་བབ་ལགས། ངས་རིག་པ་སྟོན་པ་ཚང་མ་བསུབ་ཟིན་འདུག་་་་་་་་་་མངོན་གནས་ཡ་མཚན་རེད། ཐུགས་རྗེ་ཆེ། མི་ལོ་ཉི་ཤུ་མ་ཟིན་ཙམ་དུས་བབ་ཚང་གི་ཚགས་པར་བལྟ་ཀློག་བྱས་ཡོད། ཡང་བསྐྱར་ཐུགས་རྗེ་ཆེ།