ས་ཡོམ་གནོད་སྐྱོན་ཆེན་པོ་བྱུང་།

ཨི་རན་དང་ཨི་རག་གི་ས་མཚམས་སུ་ས་ཡོམ་ཤུགས་ཚད་ ༧།༣ ཅན་ཞིག་བརྒྱབས་ཏེ་མི་ ༢༠༠ ལྷག་རྐྱེན་འདས་དང་མི་ ༡༠༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

མདང་དགོང་མཚན་མོའི་ཆུ་ཚོད་༡༡།༤༨ སྟེང་ཨི་རན་དང་ཨི་རག་གཉིས་ཀྱི་ས་མཚམས་ཨི་རན་ལྷོ་ནུབ་མཚམས་ཀྱི་ས་གནས་ཧཱ་ལཱ་བྷ་ཇཱ་(Halabja)ཟེར་བར་ས་ཡོམ་ཚད་རིམ་ ༧།༣ ཅན་ཞིག་བརྒྱབས་ཏེ། མི་༢༠༧ རྐྱེན་འདས་དང་མི་ ༡༧༠༠ ལྷག་ལ་རྨས་སྐྱོན་ཕོགས་ཡོད་པ་རེད།

ཨི་རན་གྱི་མངའ་སྡེ་(Kermanshah)ཡི་མགོ་འཁྲིད་མཱོ་ཇི་ཊ་བྷ་(Mojtaba Nikkardar)ཟེར་བ་ཞིག་གིས། ད་ལྟ་ང་ཚོས་ས་ཡོམ་ཁྲོད་གནོད་སྐྱོན་ཕོག་པའི་མི་མང་ལ་འཕྲལ་སེལ་རོགས་སྐྱོར་ལྟེ་གནས་ཁང་གསུམ་གྲ་སྒྲིག་བྱེད་བཞིན་ཡོད། ཅེས་བརྗོད་འདུག་པ་དང་། ཨི་རན་ཛ་དྲག་མྱུར་སྐྱོབ་ཚན་པའི་སྤྱི་ཁྱབ་འགན་འཛིན་ཧོན་སིན་ཀོལ་བན་ཌི་(Hossein Koolivand)ཡིས། ས་ཡོམ་བརྒྱབས་རྗེས་རི་ནུར་ཏེ་འགྲོ་ལམ་ཡོངས་རྫོགས་བཀག་ཡོད་སྟབས། ད་ལྟ་གྲོང་གསེབ་ཁག་ཏུ་མྱུར་སྐྱོབ་ཚན་པ་མངགས་གཏོང་བྱེད་པར་དཀའ་ངལ་འདུག  ཅེས་བརྗོད་ཡོད་པ་དང་། ད་ལྟའི་ཆར་ཨི་རན་གྱི་རྒྱལ་སྤྱིའི་མྱུར་སྐྱོབ་ཚན་པའི་མི་ ༣༠ ཙམ་ཞིག་གོད་ཆག་ཐེབས་སའི་ཡུལ་དངོས་སུ་འབྱོར་ཡོད་སྐོར་ཨི་རན་(IRNA)གསར་ཁང་གིས་བསྒྲགས་ཡོད་པ་རེད།

བྷི་བྷི་སིབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ས་ཡོམ་ཁྲོད་ཨི་རན་གྱི་གྲོང་ཚོ་ཁག་༨ ལྷག་ལ་གནོད་སྐྱོན་ཐེབས་ཡོད་པའི་ཁྲོད་སར་པལ་རྫ་ཧེ་བྷེ(Sarppl-e Zahab)གྲོང་ཚོར་གནོད་སྐྱོན་ཆེ་ཤོས་ཐེབས་ཡོད་པ་དང་།   ཨི་རན་གྱི་རྒྱལ་སྤྱིའི་མྱུར་སྐྱོབ་ཚན་པའི་འགན་འཛིན་མོར་ཊི་རྫ་སཱ་ལིམ་(Morteza Salim)གྱིས། གྲོང་གསེབ་ཁག་ཅིག་ཏུ་གློག་དང་ཁ་པར་སོགས་ཀྱི་འབྲེལ་ཐག་ཚང་མ་ཆད་་ཡོད་སྟབས། མྱུར་སྐྱོབ་བྱ་བར་དཀའ་ངལ་འདུག ཅེས་བརྗོད་འདུག

ཨི་རག་ནང་ཐེངས་འདིའི་ས་ཡོམ་ཁྲོད་གནོད་སྐྱོན་ཆེ་ཤོས་ཕོག་སའི་ཡུལ་ནི་(Darbandikhan)གྲོང་ཚོ་ཡིན་པ་དང་། ཐེངས་འདིའི་ས་ཡོམ་གྱི་གཏིང་ཚད་ ༣༣།༩ བརྒྱབས་པ་དེས་ཨི་རན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཊོར་ཁེ་དང་ཨི་ཛི་རལ། ཀོ་ཝའེ་ཊི་བཅས་ཀྱི་ནང་དུའང་ས་འགུལ་གྱི་ཤུགས་རྐྱེན་བསླེབས་ཡོད་འདུག

ཕྱི་ལོ་ ༡༩༩༠ ལོར་ཨི་རན་གྱི་བྱང་ཕྱོགས་(Caspian)རྒྱ་མཚོའི་ཉེ་འགྲམ་དུ་ས་ཡོམ་ཤུགས་ཚད་ ༧།༤ ཅན་ཞིག་བརྒྱབས་ཏེ། མི་ཁྲི་༤ རྐྱེན་འདས་དང་། མི་འབུམ་ ༣ ལྷག་ལ་རྨས་སྐྱོན། མི་ས་ཡ་ཕྱེད་ཀ་ཙམ་ཞིག་གི་སྡོད་ཁང་གཏོར་བཤིག་ཐེབས་ཡོད་འདུག སྐབས་དེར་ས་ཡོམ་ཤུགས་ཚད་ཆེ་དྲགས་ཏེ་སྐར་ཆ་འགའི་ནང་ཡུལ་དེའི་གྲོང་ཚོ་ཁག་བཅུ་ཕྲག་དང་གྲོང་གསེབ་ཁག་ ༢༠༠༠ ལྷག་ཞིག་རྩ་མེད་དུ་བཏང་ཡོད་པ་རེད། ཡང་ཕྱི་ལོ་ ༢༠༠༣ ལོེེར་ཨི་རན་གྱི་ལྷོ་ཤར་གྲོང་ཁྱེར་བྷམ་(Bam)ཞེས་པར་ས་ཡོམ་བྱུང་སྟེ་ཆེས་ཉུང་མཐར་ཡང་མི་ ༣༡༠༠༠ རྐྱེན་ལམ་དུ་ཤོར་ཡོད་པ་དང་། གྲོང་ཁྱེར་ཡོངས་རྫོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་རེད།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༡༣

Leave a Reply