མི་རིགས་ཤིག་གི་རིག་གནས་འགྲེམས་སྟོན་ཁང་དུ་འཇོག་དུས་རིག་གནས་དེ་ཤི་ཚར་བ་རེད།

ས་རཱ་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མའི་ངེས་སྟོན་པ་བསོད་ནམས་རྒྱལ་མཚན་ལགས་ཀྱིས། ང་ཚོའི་སྐད་ཡིག་དེ་འགྲེམས་སྟོན་ཁང་ལ་འཇོག་པའི་དངོས་པོ་ནང་བཞིན་ཆགས་བསྡད་ཡོད་པ་རེད། མི་རིགས་ཤིག་གི་རིག་གནས་འགྲེམས་སྟོན་ཁང་དུ་འཇོག་དགོས་པ་ཆགས་དུས། རིག་གནས་དེ་ཤི་ཚར་བ་རེད། ཅེས་བརྗོད་སོང་།

དེ་རིང་ཆུ་ཚོད་ ༡༠ པའི་སྟེང་བཞུགས་སྒར་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དང་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གསུམ་ཐུན་མོང་གི་གོ་སྒྲིག་འོག རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་བྱས་སོང་ལ། མཛད་སྒོའི་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། ས་རཱ་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མའི་ངེས་སྟོན་པ་བསོད་ནམས་རྒྱལ་མཚན་ལགས། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤར་བློ་གྲོས་ལགས། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས། དེ་བཞིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས། གཞན་ཡང་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའིམཐུན་ཚོགས་ཀྱི་རྒྱུན་ལས་དང་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ནང་གི་བཙོན་འོག་རྩོམ་པ་པོའི་སྙན་ངག་གྱེར་འདོན་དང་། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༧ ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བདམས་པའི་དམིགས་བསལ་རྩོམ་པ་པོ་ལྔ་སྟེ། སི་རི་ཡའི་རྩོམ་པ་པོ་རཱ་ཛན་ཛ་ཡེ་ཏུ་ནཱ་ (Razan Zaitouneh) དང་། ཧོན་ཌུ་རས་རྒྱལ་ཁབ་ཀྱི་རྩོམ་མཁན་ཨ་ལི་རྗན་ཌི་ར་ (Cesario Alejandro)། ཊུར་ཀེའི་རྩོམ་པ་པོ་ཏོ་རྗན་ (Zehra Dojan)། དབུས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཨི་ཁུ་ཊུ་རི་ཡལ་ཇི་ནི་ཡ (Equatorial Guinea) ཡི་རྩོམ་པ་པོ་ཨི་སོ་ནོ་ཨི་བྷ་ལའི་ཡི་(Ramon Esono Ebale)། ཝེ་ཋི་ནཱམ་གྱི་རྩོམ་མཁན་ན་ཧུ་ཁེན་ (Nguyen Ngoc Nhu Quynh)བཅས་དང་། དེ་བཞིན་བོད་ནང་གི་བཙོན་འོག་རྩོམ་པ་པོ་ཞོགས་ལྗང་དང་། དཀོན་མཆོག་ཚེ་འཕེལ། ཚེ་རིང་དོན་གྲུབ། འབྲོག་རུ་ཚུལ་ཁྲིམས། འོད་ཟེར་དང་འཇམ་དབྱངས་སྐྱིད། ཡེ་ཤེས་ཆོས་སྒྲོན་སོགས་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བཙོན་འོག་གི་རྩོམ་པ་པོའི་སྙན་ཐོ་དང་ <<བུ་བཀྲ་ཤིས་ལྷ་ཡུལ་དུ་ཕྱིན་པ་>> ཅེས་པའི་བྱིས་སྒྲུང་ཞིག་དབུ་འབྱེད་གནང་སོང་།

དེའི་རྗེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། དེ་རིང་གི་ཉིན་མོ་ནི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཞེས་བཤད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ཉིན་མོ་འདི་ལ་སྙིང་སྟོབས་ཀྱི་ཉིན་མོ་ཞེས་ཀྱང་འབོད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་སྟེང་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་ཕལ་ཆེར་ ༡༤༥ ལྷག་ཡོད་པ་དང་། དེའི་གྲས་ཀྱི་གཅིག་ནི་ང་ཚོའི་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཆགས་ཀྱི་ཡོད། བཙོན་འོག་གི་མི་ཚེ་ནི་ལས་སླ་པོ་ཞིག་གཏན་ནས་མ་རེད། རྩོམ་པ་པོ་མང་པོ་ཞིག་བཙོན་འོག་ནས་འདས་གྲོངས་སུ་འགྲོ་བཞིན་ཡོད་ལ། ཡང་ཁ་ཤས་ཤིག་ཕྱི་ལུས་པོ་བཙོན་འོག་ཏུ་མེད་ཀྱང་ཆབ་སྲིད་ཀྱི་དཀའ་རྙོག་ལ་བརྟེན་ནས་སྨྲ་བརྗོད་ཀྱི་རང་དབང་མེད་པས། ནང་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན་དེ་རིང་ང་ཚོས་བཙོན་འོག་གི་རྩོམ་པ་པོ་ཚང་མའི་དཀའ་སྡུག་དྲན་གསོ་བྱེད་དགོས་པའི་ཉིན་མོ་ཞིག་ཡིན་ལ། བཙོན་འོག་ནས་འདས་གྲོངས་སུ་ཕྱིན་པའི་རྩོམ་པ་པོ་རྣམས་ལ་མྱ་ངན་དང་གུས་འདུད་ཞུ་བའི་ཉིན་མོ་ཞིག་ཀྱང་ཡིན། དེ་རིང་ང་ཚོའི་མདུན་དུ་རྐུབ་སྟེགས་སྟོང་པ་ཞིག་བཞག་ཡོད། འདི་ནི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཡུལ་ལུང་གང་དུ་ཚོགས་ཀྱང་འདི་ལྟར་འཇོག་སྲོལ་ཞིག་ཡོད་པ་རེད། དེས་ག་རེ་མཚོན་གྱི་ཡོད་ཟེར་ན། བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་མང་པོ་ཞིག་ཚོགས་འདུའི་ཐོག་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་སྟབས། ཁོང་ཚོར་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་གྱི་ཡོད་པ་རེད། ཅེས་བརྗོད་སོང་།

ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས། ལོ་ལྟར་ཕྱི་ཟླ་ ༡༡ པའི་ཚེས་ ༡༥ ཉིན་ནི་ང་ཚོ་མིའི་རིགས་ཀྱི་བསམ་བློ་དང་སྨྲ་བརྗོད་རང་དབང་གི་ཆེད་དུ་ཆབ་སྲིད་ཀྱི་སྒེར་སྤྱོད་རིང་ལུགས་པ་དང་། ཆོས་ལུགས་ཀྱི་མཁྲེགས་འཛིན་རིང་ལུགས་པ་དག་གིས་སྡུག་སྦྱོང་དང་མནར་གཅོད་གཏོང་བཞིན་པའི་རླབས་ཆེ་བའི་རྩོམ་པ་པོ་རྣམས་ལ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་ཞིག་ཡིན་པ་རེད། དེར་བརྟེན་དེ་རིང་ང་ཚོས་མིའི་རིགས་ཀྱི་རང་དབང་རྩོད་ལེན་དང་། ཁྱད་པར་དུ་རྒྱ་ནག་དམར་ཤོག་གཞུང་གིས་མི་རིགས་བཙན་གནོན་དང་དྲག་ཤུགས། སྟོབས་འབྱོར་དབང་ཤུགས་འོག མི་ལོ་ ༥༠ ཙམ་གྱི་རིང་ལ་རང་དབང་རང་བཙན་ཤོར་ནས་གཞན་ཡུལ་དུ་སྐྱབས་བཅོལ་ལ་ཡོང་བའི་མི་རིགས་འདིའི་སྐྱོ་གར་གྱི་ལས་དབང་ཡོད་ཚད་འཇིགས་བྲལ་དཔའ་སྤོབས་ཀྱིས་གླུ་རུ་ལེན་མཁན་གངས་ཅན་པའི་སྨྱུག་ཐོགས་པ་རྣམས་ལ་སྙིང་ཐག་པ་ནས་གུས་འདུད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། སྨྲ་ཤེས་དོན་གོ་བ་ཐམས་ཅད་སྐྱེས་པ་ཙམ་ནས་རང་དབང་འདྲ་མཉམ་ཡིན་ཞེས་པའི་ཁ་གཡང་དེ་དངོས་གནས་བདེན་དོན་གྱི་མཐའ་བསྡོམས་ཤིག་ཡིན་ན། ཤེས་རིག་དཔལ་ཡོན་གྱི་འཁོར་འཇུག་ཆེ་བའི་སྤྱི་ཚོགས་ནང་རང་དབང་གི་ཆེད་དུ་རང་དབང་གི་མཐའ་མའི་ས་མཚམས་དེ། ནང་བསམ་བློའི་ཚོར་འདུ་ཡོད་ཚད་ལྷད་མེད་དུ་མཚོན་པའི་སྨྲ་བརྗོད་རང་དབང་བཙན་འཕྲོག་དང་བཙན་གནོན་བྱེད་བཞིན་པའི་གཏུམ་སྤྱོད་ལས་ལྷག་པའི་ནག་ཉེས་ཆེན་པོ་ཞིག་ཡོད་མི་སྲིད། དེར་བརྟེན་ང་ཚོས་རང་དབང་ལ་བརྩི་བཀུར་དང་གུས་བཀུར་མི་ཞུ་བར་བརྩི་མེད་རྡོག་རོལ་གཏོང་མཁན་སུ་ཡིན་ཡང་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་ངེས་ཡིན། ང་ཚོ་མིའི་རིགས་ལ་དགོས་པ་ནི་བསམ་བློའི་རང་དབང་དང་། ཞིབ་འཇུག་རང་དབང་། སྨྲ་བརྗོད་རང་དབང་། རྩོམ་འབྲིའི་རང་དབང་སོགས་ཡིན་པས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཀྱི་གཟི་བརྗིད་ཆེ་བའི་རང་དབང་གི་བྱ་གཞག་ཡོངས་ལ་གོང་བཀུར་དང་བརྩི་འཇོག་བླ་མེད་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤར་བློ་གྲོས་ལགས་ཀྱིས། བཙོན་འོག་གི་རྩོམ་པ་པོའི་སྙན་ཐོའི་རིན་ཐང་ངམ་དོན་སྙིང་དེ། ང་ཚོ་ཚང་མས་བློ་ཐག་ཉེ་བ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། དེ་རིང་གི་ཉིན་མོ་འདིར་ང་ཚོས་གདུང་སེམས་མཉམ་སྐྱེད་ཙམ་མ་ཡིན་པར། ང་ཚོས་བཙོན་འོག་གི་རྩོམ་པ་པོ་རྣམས་ཀྱི་མཚན་སྙན་དང་། ལོ་རྒྱུས། གཟི་བརྗིད་སོགས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི། བཙོན་འོག་གི་རྩོམ་པ་པོ་ནི་རྩོམ་པ་པོ་གཞན་དང་མི་འདྲ། སྤྱིར་བོད་ལ་རྩོམ་པ་པོ་མང་པོ་ཡོད་ཀྱང་། བཙོན་འོག་གི་རྩོམ་པ་པོ་ཉུང་ཤས་ཤིག་ལས་མེད་པ་དང་། ཁོ་ཚོ་ཡང་ནས་བསྐྱར་དུ་བཙོན་འོག་ལ་འགྲོ་དགོས་བྱུང་ཡོད། རྩོམ་པ་པོ་ཚེ་རིང་འོད་ཟེར་ལྟ་བུར་ཆ་བཞག་ན། འདས་པའི་ལོ་ངོ་ ༡༣ ལྷག་རིང་བཙོན་འོག་ནས་དཀའ་ངལ་འཕྲད་ཡོད་པ་དང་། དཀའ་ངལ་དེའི་གནད་འགག་ཚིག་གཉིས་ཀྱི་ཐོག་ནས་ཞུས་ན། དེ་ནི་མི་རིགས་ཅེས་པ་དེ་རེད། བཙོན་འོག་གི་རྩོམ་པ་པོ་ནི་སྤྱིར་བཏང་གི་རྩོམ་པ་པོ་ཙམ་མིན་པར། ཁོ་ཚོ་མིའི་རིགས་ཀྱི་ཆེད་དུ་བཙོན་ལ་བཅུག་པའི་རྩོམ་པ་པོ་རེད། ཁོ་ཚོར་འཕྲད་པའི་དཀའ་ངལ་གཉིས་ནི། གཅིག ཁོ་ཚོས་མི་རིགས་ཀྱི་ངོ་བོ་འགྲེལ་བཤད་རྒྱག་མི་ཆོག་པ་དང་། གཉིས། རྩོམ་མཁན་རང་ཉིད་ཀྱི་ཕུགས་བསམ་དང་ཚོར་སྣང་ཕྱིར་འདོན་མི་ཆོག་པ་དེ་རེད། གལ་སྲིད་དེ་འདྲ་བྱས་པ་ཡིན་ན། ཁོ་ཚོ་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་སྟོབས་ཤུགས་གཅིག་ནི་དྲིལ་བསྒྲགས་ཆགས་ཡོད་པ་དང་། དེ་ནི་ཁོ་ཚོས་སྒེར་གཅོད་ཀྱི་ཐོག་ནས་དམར་ཤོག་ཚོགས་པའི་གནས་ཚུལ་ཤུགས་ཆེར་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། བོད་པའི་ངོ་བོ་ལོགས་འགྲེལ་བྱས་ཏེ་རྒྱལ་སྤྱིའི་སྟེང་བོད་པའི་ངོ་བོ་མེད་པ་བཟོ་ཐབས་དང་། བོད་པའི་ངོ་བོ་འགྲེལ་བཤད་རྒྱག་ཐུབ་མཁན་མེད་པ་བཟོ་བའི་དབང་ཤུགས་ཆེན་པོ་བཟུང་ཡོད། རྩོམ་པ་པོས་མི་རིགས་ཤིག་གི་འཆར་སྣང་དང་ཕུགས་བསམ་ནམ་ཡང་བློས་གཏོང་གི་མེད་སྟབས། དེ་ནི་ཁོ་ཚོར་འཕྲད་པའི་ཉེན་ཁ་ཆགས་ཡོད། ལོ་རྒྱུས་ནི་འདས་མ་ད་གསུམ་མཐོང་བའི་མི་རིགས་ཤིག་གི་མིག་ལྟ་བུ་ཆགས་ཡོད་ལ། གལ་ཏེ་རྩོམ་པ་པོ་ཞིག་ལ་རྩོམ་རིག་སྒྱུ་རྩལ་གྱི་འཆར་སྣང་དང་ཕུགས་བསམ་མེད་པ་ཡིན་ན། མི་རིགས་དེ་ལ་འཆར་སྣང་དང་ཕུགས་བསམ་ཟེར་བ་ཞིག་ཡོད་མི་སྲིད། དེར་བརྟེན་བཙོན་འོག་གི་རྩོམ་པ་པོ་ནི་ང་ཚོ་བོད་མི་རིགས་ཀྱི་མིག་དང་སྙིང་ལྟ་བུ་ཆགས་ཡོད་སྟབས། ང་ཚོས་བཙོན་འོག་གི་རྩོམ་པ་པོའི་སྙན་ཐོ་འདོན་པའི་དོན་སྙིང་ཡང་དེ་ཡིན། ཞེས་སོགས་བརྗོད་སོང་།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས། རྩོམ་ཞེས་པ་ནི་མི་ཞིག་གི་ཕུགས་འདུན་ལ་ཤེས་རབ་ཀྱིས་རམ་འདེགས་བསྐྲུན་ཏེ་ཡོང་བའི་སྐད་ཆའམ་གཟུགས་བརྙན་ལ་གོ་དགོས་པ་རེད་བསམ་གྱི་ཡོད་ལ། དེ་འདྲའི་རྩོམ་འབྲི་མཁན་ལ་རྩོམ་པ་པོ་ཟེར་བ་དང་། སྤྱིར་ང་ཚོས་ལས་ཀ་ག་རེ་བྱེད་ནའང་རང་དབང་དགོས་ཀྱི་ཡོད་པ་རེད། རྩོམ་པ་པོར་མཚོན་ན་ཆེས་མེད་དུ་མི་རུང་བ་ནི་སྨྲ་བརྗོད་རང་དབང་ཆགས་ཡོད། སྨྲ་བརྗོད་རང་དབང་སུས་སྤྲོད་ཀྱི་མི་འདུག་ཟེར་ན། སྲིད་གཞུང་དང་ཚོགས་སྡེ་ཁག་གི་དབང་འཛིན་པ་ཚོས་སྤྲོད་ཀྱི་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི། རྩོམ་པ་པོའི་སྐད་ཆས་ལྐོག་ཟ་རུལ་སུངས་བྱེད་མཁན་དཔོན་རིགས་ཚོའི་ཁེ་བཟང་ལ་དོ་ཕོག་བཟོ་ཡི་ཡོད་པ་རེད། སྒེར་གཅོད་པ་དང་ལོག་སྤྱོད་རིང་ལུགས་པ་ཚོས་བཀག་འགོག་བྱས་པའི་རང་དབང་དེ་ལ་རྩོམ་པ་པོའི་རྩོམ་འབྲིའི་རང་དབང་ཟེར་བ་རེད། དེ་ནས་རྩོམ་པ་པོས་ག་རེ་བྱས་ནས་སྒེར་གཅོད་པ་དང་ལོག་སྤྱོད་པའི་མདུན་དུ་ལངས་ཏེ་རང་དབང་གི་ཆེད་དུ་བློས་གཏོང་བྱེད་དགོས་པ་རེད་དམ་ཞེ་ན། རྩོམ་པ་པོས་བདེན་པ་ཨང་དང་པོར་འཛིན་པ་རེད། རྩོམ་པ་པོའི་འོས་འགན་ནི། ཤེས་རབ་བེད་སྤྱད་དེ་འགྲོ་བ་མིའི་རིགས་ལ་སྣེ་འཁྲིད་དགོས་པ་དང་། སྣེ་འཁྲིད་བྱེད་ཐབས་སུ་རྩོམ་པ་པོས་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ་ཤེས་པའི་ཁར་མ་འོངས་པར་ཕུགས་བསམ་ཡོད་དགོས། དེ་རིང་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་ཟེར་དུས། ཁོ་ཚོ་ཆབ་སྲིད་དང་མི་རིགས་ཀྱི་རྩོམ་པ་པོ་ཆགས་ཀྱི་ཡོད་སྟབས། དེ་གལ་ཆེན་པོ་ཞེ་དྲགས་རེད། རྒྱལ་སྤྱིའི་སྟེང་བོད་ཀྱི་རྩོམ་པ་པོ་ཉུང་ཤས་ཤིག་ལས་མེད་པ་དང་། བོད་ནང་དུ་རྩོམ་རིག་རང་དབང་མེད་སྟབས། ཕྱི་སྡོད་རྩོམ་པ་པོ་ཚོས་ཤུགས་བརྒྱབ་རྒྱུ་གལ་ཆེན་དུ་མཐོང་། དེ་ཡང་དང་པོ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་དེ་རྒྱལ་སྤྱིའི་སྒང་ལ་སླེབ་ཐུབ་པ་ཞིག་དང་། གཉིས་པ་འཛམ་གླིང་དེང་རབས་རྩོམ་རིག་གི་འགྱུར་འགྲོས་དེ་ཚུར་བོད་པའི་སྤྱི་ཚོགས་ནང་ངོ་སྤྲོད་བྱ་དགོས་པ་རེད་བསམ་གྱི་འདུག འོས་འགན་དེ་གཉིས་ཐད་ང་ཚོ་ཕྱི་སྡོད་རྩོམ་པ་པོ་ཚོས་ཤུགས་རྒྱག་དགོས་ཀྱི་འདུག་ལ། དེ་ནི་ང་རང་གི་རེ་བའང་ཡིན།  ཞེས་བརྗོད་སོང་།

ས་རཱ་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མའི་ངེས་སྟོན་པ་བསོད་ནམས་རྒྱལ་མཚན་ལགས་ཀྱིས། ང་རང་ཚོའི་དགོངས་པའི་ནང་འཆར་དགོས་པ་ཞིག་ནི། ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་རེད། སྤྱིར་མིའི་རིགས་ཀྱི་སྤྱི་ཚོགས་ནང་གདོང་ཐུག་འདྲ་མིན་ཡོང་གི་རེད། ད་ལྟའི་བར་སྤྱི་ཚོགས་ཕན་ཚུན་གདོང་ཐུག་བརྒྱབས་ནས་ཡོང་བ་རེད་མ་གཏོགས། ཁ་སང་ཁ་ཉིན་གསར་དུ་གདོང་ཐུག་བྱུང་བ་ཞིག་མ་རེད། མིའི་དཔལ་ཡོན་མ་དར་བའི་སྔོན་ནས་གདོང་ཐུག་བརྒྱབས་ནས་ཡོང་བ་རེད་ལ། དཔལ་ཡོན་དར་བའི་རྗེས་སུའང་གདོང་ཐུག་བརྒྱབས་ནས་ཡོང་བ་རེད། མ་འོངས་པར་ཡིན་ནའང་མུ་མཐུད་གདོང་ཐུག་བརྒྱབ་ནས་འགྲོ་གི་རེད་མ་གཏོགས། མིའི་སྤྱི་ཚོགས་ནང་གདོང་ཐུག་མེད་པའི་གནས་སྟངས་ཤིག་ཆགས་སྲིད་པ་མ་རེད། གནས་སྟངས་དེ་ང་ཚོས་དང་པོ་ནས་ཧ་གོ་དགོས་པ་རེད། གལ་ཏེ་མིའི་སྤྱི་ཚོགས་ནང་གདོང་ཐུག་མེད་པའི་གནས་སྟངས་ཤིག་ཆགས་དགོས་ཀྱི་ཡོད་ཚེ། མིའི་ལྷན་སྐྱེས་ཀྱི་རང་བཞིན་དོར་དགོས་པ་ལྟ་བུ་ཆགས་ཀྱི་ཡོད་པ་རེད། མིའི་སྤྱི་ཚོགས་ཁྲོད་ཀྱི་འཚོལ་ཞིབ་དང་ཡར་རྒྱས། འགྲན་རྩོད་སོགས་ང་ཚོ་མིའི་ལྷན་སྐྱེས་སུ་གྲུབ་སྡོད་པ་ཞིག་རེད། ལྷན་སྐྱེས་ཀྱི་རང་བཞིན་དེ་དག་མེད་པ་བཟོས་པ་ཡིན་ན། དུད་འགྲོའི་བཟོ་ལྟ་འདྲ་བོ་ཆགས་ཏེ་རྩྭ་ཆུ་འཛོམས་ས་ཞིག་ལ་བཏང་བཞག་པ་ཡིན་ན། ཁ་རོགས་གེར་སྡོད་སྲིད་པ་རེད་མ་གཏོགས། ཅི་ཙམ་མིའི་རྣམ་དཔྱོད་ཡར་རྒྱས་ཕྱིན་པ་དང་། ཅི་ཙམ་འཚོ་བའི་མཐུན་རྐྱེན་ཡག་ཏུ་ཕྱིན་པ་དེ་ཙམ་གྱིས། མིས་གདོང་ལེན་བྱེད་སའི་ཁ་ཕྱོགས་ལ་འགྱུར་བ་ཐེབས་སྲིད་ཀྱི་རེད་དེ། སྤྱི་ཚོགས་ཀྱི་དཀའ་ངལ་དེ་ཕྱོགས་གཅིག་གི་དཀའ་ངལ་ཆགས་ཡོད་ནའང་། ཕྱོགས་གཞན་ཞིག་ནས་དཀའ་ངལ་དེ་སེལ་ཡོང་གི་རེད། དེ་ང་ཚོས་ངོས་འཛིན་བྱེད་དགོས་ཀྱི་འདུག ད་ཆར་འཛམ་གླིང་འདིའི་ནང་འཕྲད་པའི་དཀའ་ངལ་ཆེ་ཤོས་ག་རེ་རེད། ཡང་སྒོས་ང་ཚོ་ཁ་བ་གངས་ཅན་པར་དཀའ་ངལ་ག་རེ་འཕྲད་ཀྱི་འདུག དེ་ངོས་འཛིན་ཐུབ་དགོས་ཀྱི་འདུག ད་ཆར་ང་ཚོས་གླེང་སྡོད་པའི་དཀའ་ངལ་དེ་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་དབང་སྒྱུར་བྱས་ཏེ་ཡོང་བའི་གནས་སྐབས་སུ། དེའི་བར་ནས་འཕྲད་པའི་དཀའ་ངལ་ཞིག་རེད། ད་ལྟ་ང་ཚོས་བཤད་སྡོད་པའི་རྩོམ་འབྲིའི་རང་དབང་ཟེར་བ་དེ་ཡང་། ང་ཚོས་ཅིའི་ཕྱིར་རྩོམ་འབྲིའི་རང་དབང་མ་འཁྱོངས་པ་རེད། རྒྱ་ནག་གི་སྲིད་དོན་འཕེལ་རིམ་ལ་བསམ་བློ་བཏང་བ་ཡིན་ན། ཕྱི་ལོ་ ༡༩༢༡ ནས་རྒྱ་ནག་རྒྱལ་ཁབ་དེ་སྤྱི་ཚོགས་རིང་ལུགས་ལ་བསྒྱུར་ཐབས་སུ་ཧ་ལམ་མི་ལོ་སུམ་བཅུ་ཙམ་རིང་འགྲོ་སོང་བཏང་བའི་རྗེས་སུ། རྒྱ་ནག་རྒྱལ་ཁབ་དེ་སྤྱི་ཚོགས་རིང་ལུགས་ལ་བསྒྱུར་ཚར་བ་རེད། དེའི་རྗེས་ཀྱི་མི་ལོ་སུམ་བཅུ་ལྷག་ནང་རྒྱ་ནག་རྒྱལ་ཁབ་དེ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཞེས་པར་བསྒྱུར་བ་རེད། དེའི་རྗེས་ཀྱི་མི་ལོ་སུམ་བཅུའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་པར་བསྒྱུར་བ་དང་། ཁ་སང་དེ་རིང་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྐབས་སུ་ཞི་ཅིན་ཕིན་གྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་ཁ་ཕྱོགས་དེ་འདྲ་ཞིག་ལ་གོམ་པ་སྤོས་ཡོད་པ་རེད། དེར་བརྟེན་ང་ཚོ་སློབ་སྦྱོང་བྱེད་མཁན་ཚོས་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ག་འདྲ་ཆགས་འདུག འདས་པའི་སྤྱི་ཚོགས་ཀྱི་གནས་སྟངས་ག་འདྲ་རེད། དེ་གཉིས་ལ་གཞིགས་ཏེ་མ་འོངས་པར་དཀའ་ངལ་ག་རེ་འཕྲད་རྒྱུ་རེད། རྩོམ་འབྲིའི་རང་དབང་གི་དཀའ་ངལ་དང་སྐད་ཡིག་བཀོལ་སྤྱོད་ཀྱི་དཀའ་ངལ་ག་འདྲ་ཆགས་རྒྱུ་རེད། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནང་བཙོན་འོག་གི་རྩོམ་པ་པོའི་གནས་བབ་ཅི་འདྲ་ཞིག་ཆགས་རྒྱུ་རེད། དེའི་སྐོར་ལ་ཚོད་དཔག་བྱེད་པ་དང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས་རྩོམ་འབྲིའི་བདག་དབང་ཟེར་བ་དེ་གལ་ཆེན་པོ་ཞེ་དྲགས་རེད། སྤྱིར་བཏང་རྩོམ་འབྲི་བ་དང་སྐད་ཆ་བཤད་པ་གཉིས་གཅིག་པ་རེད། སྐད་ཆ་དེ་གོ་རིམ་ལྡན་པའི་སྒོ་ནས་ཡིག་ཐོག་ཏུ་བྲིས་པ་དེ་རྩོམ་ཆགས་ཀྱི་ཡོད་པ་རེད། རྩོམ་འབྲི་བར་རང་དབང་དགོས་ཀྱི་ཡོད་པ་རེད། ཉེ་བའི་ལོ་ཤས་ནང་ཤར་ནུབ་གཉིས་ཀྱི་རྩོམ་འབྲིའི་རང་དབང་བསྡུར་བ་ཡིན་ན་གནམ་ས་ལྟ་བུའི་ཁྱད་པར་ཤོར་ཡོད་པ་རེད། དེར་བརྟེན་ཤར་ཕྱོགས་པས་ནུབ་ཕྱོགས་པར་བལྟས་ཏེ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཐ་ན་ཤར་ཕྱོགས་པས་ཟ་སྟངས་འཐུང་སྟངས་དང་འགྲོ་སྟངས་འདུག་སྟངས་ལ་སོགས་པ་ནུབ་ཕྱོགས་པར་ལྟ་ཡི་ཡོད་པ་རེད། དེ་ལྟར་ནུབ་ཕྱོགས་པ་མདུན་དུ་སྐྱོད་དགོས་པ་དང་། ཤར་ཕྱོགས་པས་ནུབ་ཕྱོགས་པར་ལད་ཟློས་བྱེད་དགོས་པའི་གནས་སྟངས་དེ་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་རེད། ནུབ་ཕྱོགས་པས་བསམ་བློའི་རང་དབང་གི་སྒོ་ནས་བསམ་ཚུལ་བརྗེ་རེས་དང་ཞིབ་འཇུག དེའི་ཕྱོགས་བསྡོམས་རང་བཞིན་དེ་སྲིད་བྱུས་ནང་གཏན་འབེབས་བྱས་པ་བརྒྱུད་ནས་ད་ལྟའི་བར་སླེབས་པ་རེད། དེ་ལྟར་ཡོང་བའི་རྨང་གཞི་དེ་ཡང་ནང་བསམ་བློ་དང་ཕྱིའི་སྣང་འཆར། དེའི་ཕྱོགས་བསྡོམས་རང་བཞིན་ལ་བརྟེན་ནས་ཡོང་བ་རེད། རྩོམ་འབྲིའི་རང་དབང་བཀག་པ་ཡིན་ན། མིའི་བསམ་བློ་ཡར་རྒྱས་འགྲོ་བའི་རྨང་གཞི་དེ་འགག་འགྲོ་གི་རེད། དེར་བརྟེན་རྩོམ་འབྲིའི་རང་དབང་ཟེར་བ་དེ་གཏན་འབེབས་བྱས་པ་རེད། རྩོམ་འབྲིའི་རང་དབང་འགོག་པ་ལ་རྒྱུ་རྐྱེན་ཁ་ཤས་ཡོད་པ་རེད། ཆབ་སྲིད་ཀྱི་ཁེ་དབང་འགན་སྲུང་བྱེད་པར་བརྟེན་ནས། མིའི་བསམ་བློའི་རང་དབང་དང་རྩོམ་འབྲིའི་རང་དབང་འགོག་གི་ཡོད་པ་རེད། དེ་བཞིན་ཤེས་ཡོན་དང་ལམ་ལུགས་སོགས་མཁྲེགས་འཛིན་དང་འགན་སྲུང་བྱེད་པར་བརྟེན་ནས་ཀྱང་མིའི་བསམ་བློའི་རང་དབང་འགོག་གི་ཡོད་པ་རེད། དེ་ག་ནང་བཞིན་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་སྲིད་དབང་ལམ་ལུགས་མུ་མཐུད་གནས་ཐུབ་པ་དང་འགྲོ་ཐུབ་པའི་ཆེད་དུ་བོད་མིའི་རྩོམ་འབྲིའི་རང་དབང་བཀག་པ་རེད། དེ་བཞིན་ང་ཚོའི་སྐད་ཡིག་ལ་མཚོན་ན་ཡང་ཛ་དྲག་པོ་ཞེ་དྲགས་ཆགས་ཡོད་པ་རེད། ད་ཆར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོའི་ཐུགས་སྐྱེད་སྨོན་ལམ་དང་། ཀུན་གཟིགས་པཎ་སྐུ་ཕྲེང་བཅུ་བ་ཆེན་པོའི་མཛད་པ་སོགས་ད་ལྟ་ཅུང་ཙམ་བསྡད་ཡོད་པ་མ་གཏོགས། ང་ཚོའི་སྐད་ཡིག་དེ་འགྲེམས་སྟོན་ཁང་ལ་འཇོག་པའི་དངོས་པོ་ནང་བཞིན་ཆགས་བསྡད་ཡོད་པ་རེད། མི་རིགས་ཤིག་གི་རིག་གནས་འགྲེམས་སྟོན་ཁང་དུ་འཇོག་དགོས་པ་ཆགས་དུས། རིག་གནས་དེ་ཤི་ཚར་བ་རེད། དེ་ནི་ང་ཚོ་མི་ཤི་རྗེས་དུར་ཁྲོད་དུ་གདན་འདྲེན་ཞུ་ཡི་ཡོད་པ་དང་གཅིག་པ་རེད། དེར་བརྟེན་མི་རིགས་ཤིག་གི་རིག་གནས་འགྲེམས་སྟོན་ཁང་དུ་ཇོག་པ་དེ་དགའ་འོས་པ་ཞིག་མ་རེད། རྒྱུ་མཚན་ནི། རིག་གནས་དེ་འགྲེམས་སྟོན་ཁང་དུ་བཞག་ཡོད་དུས། རིག་གནས་དེ་ཤི་ཚར་བ་རེད། མི་རིགས་ཤིག་གི་སྐད་ཡིག་གསོན་པོར་གནས་ཐབས་གཙོ་བོ་སྐད་ཡིག་དེ་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་ཅིག་དགོས་པ་རེད། ང་ཚོས་གནས་སྟངས་དེ་དག་ཧ་གོ་དགོས་པ་རེད། ཅེས་ཀྱང་བརྗོད་སོང་།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༡༦

Leave a Reply

4 thoughts on “མི་རིགས་ཤིག་གི་རིག་གནས་འགྲེམས་སྟོན་ཁང་དུ་འཇོག་དུས་རིག་གནས་དེ་ཤི་ཚར་བ་རེད།

  1. ༄༅། བསོད་ནམས་རྒྱལ་མཚན་ལགས་ནས་འུར་སྐད་ཆེན་པོ་ཞིག་བཤད་སོང།
    མི་རིགས་དེ་རྩ་བརླག་ཏུ་མ་འགྲོ་བར་མི་རིགས་དེའི་སྐད་ཡུག་མེད་པ་ཆགས་མེད་།
    འདི་སྐད་ཡིག་ལ་དཔྱད་ཞིབ་ལེགས་པོ་ཞིག་གནང་དང་དེ་ནས་གསལ་པོ་ཤེས་ཐུབ་པ་རེད།
    བོད་པའི་སྐད་ཡིག་ཉམ་ཆགས་འགྲོ་གི་འདུག་བརྗོད་ན་མོས་མཐུན་ཡོད། གང་ལགས་ཟེར་ན་རང་ཡུལ་
    བྲལ་ནས་ཕྱི་རྒྱལ་ཡུལ་གྲུ་མང་པོར་འཐོར་ནས་བསྡད་དགོས་སྟབས་གང་ཅིའི་མཐུན་རྐྱེན་གྱི་ཐོག་ནས་རང་
    གི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་མེད་པ་རང་བཞིན་གྱི་ཁོར་ཡུག་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པ་ལས་
    རང་འདོད་ལྟར་མེད་པ་འདི་ངེས་པར་ཤེས་དགོས་། འདི་ང་ཚོའི་ལས་དབང་རེད་འདུག་

  2. རྒྱུད་གྲྭ་བློ་བཟང་དབང་འདུས།

    བསོད་ནམས་རྒྱལ་མཚན་ལགས་ཀྱི་གསུང་པ་འདྲ་པོ་རེད། ང་ཚོ་རིག་གནས་ནི་དཔེ་མཛོད་ཁང་དང་ནོར་བུ་གླིང་ཁ་ལ་འཇོག་ཡོད། མི་ཀྱ་གཞོན་སྐྱེད་ནང་བོད་ཀྱི་རིག་གནས་ལ་དོ་སྣང་ནི་མེད། ལྟོས་དང་ སོ་སོ་རིག་གནས་དང་བོད་ཡིག་མི་ཤེས་པ་ རྒྱ་གར་འོས་ཤོག་འཕེན་ས་འགྲོ་ཡི་འདུག་པ། ༧གོང་ས་མཆོག་གི་འདུན་ན་དད་པ་ཆེ་ཐོག་ཁ་པོ། ལྐོག་ནས་་་་་་་ སོ་སོ་འདོད་པ་གང་ཡོད། རིག་གནས་ཟེར་ན་དེ་འདྲ་ཡིན་ནམ་་་་ བསོད་རྣམས་རྒྱལ་མཚན་ལགས།

  3. རྣམ་པ་ཚོ་ལ་ཡི་རིང་དང་བསྔགས་བརྗོད་ཡོད་གང་ཡིན་ཟེར་ན་བཙོན་འོག་གི་རྩོམ་པ་པོ་རྣམས་མུན་ནག་གི་ནང་ཡོད་ཙང་དེ་ལ་རྒྱབ་སྐྱོར་དང་རྗེས་དྲན་གནང་བ་འདི་ཡ་རབས་བཟང་སྦྱོད་ཞིག་ཡང་ཆགས་ཡོད་མ་ཟད་འཐབ་བརྩོད་ཞིག་དེ་བས་ཆགས་ཡོད་པ་རེད་གང་ལྟར་ཁོང་ཚོ་ལ་ཕན་ཐོག་ཡོད་མེད་ལ་མ་ལྟོས་པར་རྗེས་དྲན་གནང་པ་ཙམ་གྱིས་ཡི་རིང་ཞུ་འདོད་བྱུང་།

  4. གཞུང་པ་ཚེ་དབང་བསོད་ནམས་ཡ

    རིག་གནས་ཤི་ཚར་བ་རེད་ཧཧཧམཁས་པའི་སྐད་ཆ་རང་རེད་
    མི་རིགས་གསོན་ན་རིགས་གནས་གསོན་པ་རེད་མི་རིགས་ཤི་ན་རིགས་གནས་ཤི་བ་རེད་
    ད་ལྟའི་དུས་སྐབས་འདིར་བོད་མི་རིགས་འཛམ་གླིང་གི་ལུང་པ་མང་པོའི་ནང་བྱ་སྤུ་རི་ལ་གཏོར་བ་བཞིན་དུ་འཐོར་ནས་བསྡད་ཡོད་བོད་མིའི་སྐད་ཡིག་རིགས་གནས་ལ་ཉམས་ཆགས་འགྲོ་བའི་ཉེན་ཁ་ལས་སྐྱོབས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་སྐད་ཡིག་སྲུང་སྐྱོབས་ཀྱི་ལས་འགུལ་ལས་མི་རིགས་སྲུང་སྐྱོབས་ཀྱི་ལས་འགུལ་དེ་བརྒྱ་འགྱུར་སྟོང་འགྱུར་གྱི་གལ་ཆེན་དུ་རྩིས་ནས་སྔོན་འཐོན་བྱ་མ་ཐུབ་ཚེ་བོད་སྐད་ཡིག་རང་བཞིན་གྱི་ཉམས་ཆགས་འགྲོ་བ་ལོང་བས་བལྟས་ཀྱང་ཁམས་སུམ་གྱི་དཔེ་ལྟར་མ་རེད་དམ་།