ལས་མི་ ༡༨ འཛིན་བཟུང་བྱས།

པེ་ཅིན་གྲོང་ཁྱེར་གྱི་ཞིན་ཅང་མཁར་གྲོང་གསར་པའི་ནང་མེ་སྐྱོན་བྱུང་སྟེ་མི་མང་པོར་ཤི་རྨས་བྱུང་བའི་གནད་དོན་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ལས་མི་ ༡༨ འཛིན་བཟུང་བྱས་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ཙམ་དུ། པེ་ཅིན་གྲོང་ཁྱེར་ཏ་ཞིན་ཞི་ཧོང་མིན་གྲོང་བརྡལ་གྱི་མཁར་གྲོང་གསར་བའི་ནང་མེ་སྐྱོན་བྱུང་སྟེ་མི་གྲངས་ ༡༩ རྐྱེན་འདས་དང་། མི་ ༨ ལ་རྨས་སྐྱོན་ཕོག་པར་བརྟེན། ཁ་སང་པེ་ཅིན་གྲོང་ཁྱེར་ཉེན་རྟོག་པས་གྲོང་སྡེ་དེའི་སྡོད་ཁང་དོ་དམ་པ་དང་། གློག་བཟོ་བ། ཁང་པ་འཛུགས་སྐྲུན་ལས་མི་བཅས་འབྲེལ་ཡོད་ལས་བྱེད་ ༡༨ འཛིན་བཟུང་བྱས་ཡོད་འདུག

ལས་མི་དེ་ཚོར་ཨར་ལས་འཛུགས་སྐྲུན་གྱི་ལག་རྩལ་མེད་པར་སྡོད་ཁང་འཛུགས་སྐྲུན་བྱས་ཡོད་པ་དང་། ཐེངས་འདིའི་མེ་སྐྱོན་བྱུང་རྐྱེན་ནི་ཨར་ལས་འཛུགས་སྐྲུན་ལ་འབྲེལ་བ་ཡོད་ལུགས་ཀྱི་ནག་ཉེས་གཡོགས་ཡོད་འདུག

པེ་ཅིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་ཚའེ་ཆཱི་ (Cai Qi) ཟེར་བ་དེས། མ་འོངས་ཉིན་གྲངས་ ༤༠ ནང་གྲོང་སྡེ་དེའི་དངོས་ཟོག་མཛོད་ཁང་དང་། བཟོ་གྲྭ། སྣ་འཛོམས་ཚོང་ར། ཡུལ་མིའི་སྡོད་གནས་སོགས་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཐེངས་འདིའི་མེ་སྐྱོན་བྱུང་རྐྱེན་ལ་རྟོག་ཞིབ་དང་། མ་འོངས་བདེ་འཇགས་འགན་སྲུང་བྱེད་དགོས་སྐོར་བཤད་འདུག

འདས་པའི་ལོ་མང་རིང་ནས་བཟུང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་ཁག་གཙོས་པའི་རྒྱ་ནག་རྒྱལ་ཡོངས་སུ་མཁར་གྲོང་གསར་འཛུགས་ཞེས་པའི་ལས་གཞི་ལག་བསྟར་བྱས་ཏེ། ཡུལ་མི་མང་པོ་བཙན་གྱིས་གནས་སྤོར་གཏོང་བཞིན་ཡོད་པ་ལྟར། ཐེངས་འདིའི་མེ་སྐྱོན་བྱུང་སའི་ཞིན་ཅང་སྡེ་བའི་མི་མང་ཡང་ས་གནས་གཞན་དུ་གནས་སྤོར་གཏོང་འཆར་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༢༡

Leave a Reply