ཅང་ཐེན་ཡོང་ལ་ཁྲིམས་ཐག་བཅད།

རྒྱ་ནག་དམར་ཤོག་ཚོགས་པ་མགོ་རྟིང་སློག་པར་ངན་སྐུལ་བྱས་པའི་ཉེས་མིང་འོག་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཅང་ཐེན་ཡོང་ལ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་འདུག

རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་ཅང་ཐེན་ཡོང་ (Jiang Tianyong) ལགས་རྒྱ་ནག་གཞུང་གིས་ལོ་གཅིག་ལྷག་ལ་བཀག་ཉར་འོག་བཞག་རྗེས། དེ་རིང་རྒྱ་ནག་དབུས་རྒྱུད་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་ (Changsha) གྲོང་ཁྱེར་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས། སྐུ་ཞབས་ཅང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་མི་མང་ལ་དམར་ཤོག་ཚོགས་པ་མགོ་རྟིང་སློག་པར་ངན་སྐུལ་བྱས་པའི་ཉེས་མིང་གཡོགས་ཏེ་ལོ་ ༢ ཀྱི་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་ཚོགས་པ་ (CHRLCG) ཡིས། པེ་ཅིན་གཞུང་ནས་སྐུ་ཞབས་ཅང་གིས་དམར་ཤོག་ཚོགས་པ་མགོ་རྟིང་སློག་པར་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ཏེ་ཞིབ་བཤེར་ཁྲིམས་ཐག་བཅད་པ་དེ་ནི་རྒྱ་ནག་གི་ངོ་ཚ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༩ ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ནང་དོགས་ཡོད་ཉེས་ཅན་པ་ ༧༠༩ འཛིན་བཟུང་དང་ཞིབ་བཤེར་བྱ་རྒྱུ་ཡིན་པའི་བཀའ་རྒྱ་བསྒྲགས་རྗེས། ད་ལྟའི་བར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ། འབྲེལ་ཡོད་མི་སྣ་ ༣༠༠ ལྷག་འཛིན་བཟུང་དང་ཞིབ་བཤེར་བྱས་པར་མ་ཟད། ཁག་ཅིག་ལ་ཁྲིམས་ཐག་ཀྱང་མ་བཅད་པར་བཙོན་ཁང་དུ་བཀག་ཉར་འོག་བཞག་ཡོད་པ་དང་། ཁག་ཅིག་བཙོན་འཇུག་གི་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་ཚར་བ་རེད། ཅེས་བརྗོད་འདུག

སྐུ་ཞབས་ཅང་ཐེན་ཡོང་གི་བཟའ་ཟླ་ཅིན་པིན་ལིན་ (Jin Bianling) གྱིས་ཁ་པར་བརྒྱུད་ལོ་སི་ཨན་ཇི་ལི་སི་དུས་བབ་ (Los Angeles Times) གསར་ཁང་གི་གསར་འགོད་པར། དེ་རིང་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་སྲིད་གཞུང་གིས་གོ་སྒྲིག་བྱས་པའི་ཅང་ཐེན་ཡོང་གི་ཁྲིམས་རྩོད་པས། ཁྲང་ཧྲ་ཁྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཅང་ཐེན་ཡོང་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་པར་མ་ཟད། ཁོའི་སྲིང་མོ་ལའང་ཁྲིམས་བཤེར་བྱ་འཆར་ཡོད་སྟབས། ཁྱེད་རང་ཁྲིམས་རའི་ནང་མཉམ་ཞུགས་བྱེད་ཆོག་གི་རེད་ཅེས་ངའི་པ་ལགས་ལ་བཤད་འདུག ངའི་བཟའ་ཟླ་ཁོང་སྲིད་གཞུང་གིས་དྲག་གནོན་དང་འཛིན་བཟུང་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་ ༧༠༩ ཡི་གྲས་སུ་མིང་འདོན་བྱས་ཡོད་པ་རེད། ངའི་བཟའ་ཟླ་འཛིན་བཟུང་བྱས་རྗེས། ཁོ་ལ་ཐུག་འཕྲད་བྱེད་དུ་བཅུག་མ་སོང་། ངས་བཙལ་བའི་ཁྲིམས་རྩོད་པར་སྲིད་གཞུང་གིས་ངོས་ལེན་བྱས་མ་སོང་། ད་ལོའི་ཕྱི་ཟླ་དང་པོར་ངའི་བཟའ་ཟླར་ཁྲིམས་བཤེར་ཐེངས་དང་པོ་བྱེད་རག་བར་དུ། ངས་བཟའ་ཟླའི་ཁྲིམས་རྩོད་པ་སུ་ཞིག་ཡིན་མིན་ཡང་ཤེས་མ་སོང་། འདས་པའི་ངོ་ལོ་ ༤ རིང་བུ་མོ་དང་ངེད་གཉིས་ཀྱིས་ཁོ་མཐོང་ཐུབ་ཡོད་པ་མ་རེད། ད་ལྟ་ངས་བཟའ་ཟླ་བདེ་ལེགས་ནང་ཨ་རིར་ཡོང་ནས་ང་ཚོ་ནང་མི་ལྷན་འཛོམས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༡༥ ལོར་ངའི་བཟའ་ཟླ་ཨ་རིར་ཡོང་བའི་ཕྱི་སྐྱོད་ཡིག་ཆ་གྲ་སྒྲིག་བྱས་་ཡོད་ཀྱང་། ཁོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་ཚོར་རོགས་རམ་བྱས་རྐྱེན་འཛིན་བཟུང་བྱས་པ་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༤ ལོར་ཁོའི་བཟའ་ཟླ་ཅིན་པིན་ལིན་དང་ཁོའི་བུ་མོ་གཉིས་ཨ་རིར་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཁོ་ཡང་ཨ་རིར་འགྲོ་བའི་ཕྱི་སྐྱོད་ཡིག་ཆ་གྲ་སྒྲིག་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ནང་ཁོ་མེ་འཁོར་ནང་འགྲོ་བཞིན་པའི་ལམ་བར་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱིས་སུ་ཉེན་རྟོག་པས་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། དེ་སྔོན་ཕྱི་ལོ་ ༢༠༡༢ དང་། ༢༠༡༤ ལོ་ལའང་རྒྱ་ནག་གཞུང་གིས་ཁོང་སྔ་རྗེས་ཐེངས་གཉིས་ལ་འཛིན་བཟུང་བྱས་ཏེ། གཅར་རྡུང་ཚད་མེད་བཏང་ནས་ནད་པར་གྱུར་ཡོད་འདུག

ད་ལྟ་རང་ལོ་ ༤༦ ཡིན་པའི་ཅང་ཐེན་ཡོང་ལགས་ཧུའུ་ནན་ཞིང་ཆེན་ལུའུ་ཧྲན་ (Luoshan) གྲོང་ཁྱེར་ནས་ཡིན་པ་དང་། ཕྱི་ལོ་ ༡༩༩༥ ནས་ ༢༠༠༤ བར་ཁྲིམས་ལུགས་དགེ་རྒན་བྱས་པ་དང་། ༢༠༠༥ ལོར་ཡིག་རྒྱུགས་ཀྱི་ལམ་ནས་པེ་ཅིན་གྲོང་ཁྱེར་ནང་ཡོད་པའི་གོ་ལའི་ཁྲིམས་རྩོད་ཞབས་ཞུ་ཁང་ (Global Lawfirm) དུ་ཁྲིམས་རྩོད་པའི་ལས་ཀ་བྱས་ཏེ། སྔ་རྗེས་སུ་ཁྲིམས་རྩོད་པ་ལི་ཧྥང་པིན་ (Li Fangping) དང་མཉམ་དུ་རྒྱ་རིགས་མི་མང་གི་ཁྲིམས་རྩོད་ཐོབ་ཐང་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་རྩོད་ཐོབ་ཐང་དང་། ཆོས་དད་རང་དབང་གི་ཁྲིམས་རྩོད་ཐོབ་ཐང་། གྱོད་དོན་ཞུ་གཏུགས་ཀྱི་ཐོབ་ཐང་སོགས་བརྩོན་ལེན་བྱས་ཡོད་པར་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་བྱུང་བའི་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་བཀག་བསྐྱིལ་བྱས་པའི་བོད་མི་ཁག་ཅིག་ལའང་ཁྲིམས་རྩོད་ཀྱི་རོགས་རམ་གནང་ཡོད་པ་དང་།  ཕྱི་ལོ་ ༢༠༠༨ ནས་ ༢༠༠༩ བར་ཁོས་རྒྱ་ནག་གཞུང་གིས་བཀག་བསྐྱིལ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་ ༢༠ ལྷག་གི་ཁྲིམས་རྩོད་ཐོབ་ཐང་བརྩོན་ལེན་དང་ཁྲིམས་ཀྱི་ཁེ་དབང་སྲུང་སྐྱོབ་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༢༡

Leave a Reply