རྐང་གསུམ་གླ་འཁོར་གྱི་ཁ་ལོ་བ་བཙོན་ཁང་དུ་བཅུག་འདུག

མ་འོངས་པར་བོད་པར་མཐོང་ཆུང་དང་བརྙས་བཅོས་འདི་རིགས་མི་ཡོང་ཆེད་བོད་མིར་གཅར་རྡུང་གཏོང་མཁན་རྐང་གསུམ་གླ་འཁོར་གྱི་ཁ་ལོ་བ་དེ་མེ་སོར་ཉེན་རྟོག་ཁང་ལ་རྩིས་སྤྲད་དེ་ཁྲིམས་ཆད་ནན་པོ་གཅོད་དགོས་པའི་རེ་སྐུལ་ཞུས་འདུག

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་ནས་ཡིན་པའི་བོད་རིགས་སྐྱེས་པ་ཞིག་ལ་གཅར་རྡེག་གཏོང་མཁན་རྐང་གསུམ་གླ་འཁོར་གྱི་ཁ་ལོ་བ་དེ། དེ་རིང་ཀིར་ནཱ་གྷར་(K.R.NAGER)གྱི་བཙོན་ཁང་དུ་བཅུག་ཡོད་པ་དང་། སྦེལ་ཀོབ་ས་གནས་མགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་ཁ་ལོ་བ་དེས་གཅར་རྡུང་བཏང་བའི་བརྙན་ཐུང་དང་པར་རེས། སྨན་ཁང་གི་བརྟག་དཔྱད་འབྲས་བུ་བཅས་མེ་སོར་ཉེན་རྟོག་ཁང་ལ་སྤྲད་དེ་ཁྲིམས་ཆད་ནན་མོ་གཅོད་དགོས་པའི་རེ་སྐུལ་ཞུས་ཡོད་སྐོར་བརྗོད་བྱུང་།

དེ་རིང་འདི་གའི་གསར་འགོད་པས་ལུགས་བསམ་ས་གནས་མགོ་འཛིན་དགེ་ལེགས་འབྱུང་གནས་ལགས་སུ་གནས་ཚུལ་དེ་ད་ལྟ་ག་འདྲ་ཆགས་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། གནས་ཚུལ་དེ་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བྱུང་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་ཧ་གོ་མ་ཐག་ཁ་པར་བརྒྱུད་སྦེལ་ཀོབ་ས་གནས་ཉེན་རྟོག་པར་འབྲེལ་བ་བྱས་ཏེ། གནད་དོན་འདི་ལ་ཐག་བཅོད་ནན་པོ་དགོས་པའི་རེ་སྐུལ་ཞུས་པ་ལྟར། ཁ་སང་ཞོགས་པའི་ཆུ་ཚོད་༩། ༣༠ ཐོག་ཁ་ལོ་བ་དེ་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་ས་གནས་མགོ་འཛིན་དངོས་སུ་ཉེན་རྟོག་ཁང་ལ་བཅར་ཏེ། བརྙན་ཐུང་དང་པར་རིས། གཅར་རྡུང་ཕོགས་པའི་བསྟན་འཛིན་ཟླ་བའི་གཟུགས་པོར་སྨན་ཁང་གིས་བརྟག་དཔྱད་བྱས་པའི་འབྲས་བུ་བཅས་ཡིག་ཆ་ཚང་མ་ཕུལ་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། ཁ་ལོ་བ་དེར་ཁྲིམས་ཆད་ནན་པོ་གཅོད་རོགས་ཞུས་ཡོད། གང་ཡིན་ཟེར་ན། ལུང་པ་ཁྲིམས་ཡོད་མཁན་ཞིག་གི་ནང་དུ་འདི་འདྲ་ཁྲིམས་མེད་ལུགས་མེད་བྱས་པ་ནི་བོད་པར་མཐོང་ཆུང་དང་བརྙས་བཅོས་བྱས་པ་རེད། འདི་འགྲོ་བ་མིའི་ཐོབ་ཐང་དང་འགལ་གྱི་ཡོད་པ་རེད། སྒོར་མོ་ཉི་ཤུ་སུམ་ཅུ་ཞིག་གི་དོན་དུ་གཅར་རྡུང་ཞེ་དྲག་བཏང་སྟེ། ཁོའི་རྐང་པ་དང་ལག་པ། དཔུང་པ་བཅས་བསྐྲངས་འདུག སེམས་ཅན་དུད་འགྲོ་ནང་བཞིན་གཅར་རྡུང་བཏང་འདུག་པས། རྩ་བ་ཉིད་ནས་འཇོག་ཐབས་མེད་ཅེས་ཁ་སང་ཕྱི་དྲོར་ཡིག་ཐོག་ནས་ཀྱང་ཉེན་རྟོག་ཁང་ལ་ཞུས་ཡོད། ཅེས་བརྗོད་བྱུང་།

ལྷོ་སྤྱི་ལགས་ནས་མེ་སོར་ཉེན་རྟོག་ཁང་གི་ཆེས་མཐོའི་དཔོན་རིགས་(IGP)ལ་བརྙན་ཐུང་དང་བཅས་ཡིག་ཆ་ཚང་མ་ཕུལ་ཡོད་པ་དང་། མ་འོངས་པར་བོད་པར་མཐོང་ཆུང་དང་བརྙས་བཅོས་ཀྱི་གནས་ཚུལ་འདི་འདྲ་མི་འབྱུང་ཆེད། དེ་རིང་ས་གནས་མགོ་འཛིན་ལགས་ཀྱང་མེ་སོར་རྫོང་ཉེན་རྟོག་དཔོན་པོར་དངོས་སུ་ཐུག་སྟེ་གནས་ཚུལ་ཡར་ཞུ་དང་ཐག་གཅོད་ནན་པོ་དགོས་པའི་རེ་སྐུལ་ཞུ་འཆར་ཡོད་སྐོར་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པར་སྦེལ་ཀོབ་ལུག་བསམ་གོ་ལ་ཐ་ལ་གྲོང་སྡེ་དྲུག་པ་ནས་ཡིན་པའི་བསྟན་འཛིན་ཟླ་བ་སྔོ་ཚལ་དང་ཤིང་ཏོག་ཉོ་བར་ཀུ་ཤིལ་ན་གྷར་((kushalnager)དུ་ཕྱིན་ཏེ་ཕྱིར་ལོག་སྐབས། ཨང་རྟགས་(KA1B4773)ཡིན་པའི་རྐང་གསུམ་གླ་འཁོར་ཞིག་ཏུ་བསྡད་ནས་གཞིས་གྲོང་བཞི་པར་བསླེབས་སྐབས། རྐང་གསུམ་ཁ་ལོ་བ་དེས་དངུལ་སྤྲོད་ལབ་ཡོད་པ་དང་། བསྟན་འཛིན་ཟླ་བས་ད་ལྟ་དངུལ་མེད་དེ། ཁོ་རང་གོ་ལ་ཐ་ལར་འགྲོ་རྒྱུ་ཡིན་པས་ནང་དུ་བསླེབ་དུས་དངུལ་སྤྲོད་དགོས་ལབ་སྐབས། རྐང་གསུམ་ཁ་ལོ་བ་ཧུ་རི་ཤཱ་(Huresha)ཡིས་ད་ལྟ་རང་དངུལ་སྤྲོད་ཅེས་སྡིགས་ར་བསྐུལ་བ་མ་ཟད། ལམ་སང་རྐང་གསུམ་གླ་འཁོར་ནང་ནས་ཤིང་དུམ་སྤོམ་པོ་ཞིག་བླངས་ཡོང་སྟེ་བསྟན་འཛིན་ཟླ་བར་གཅར་རྡུང་བཏང་ཡོད་འདུག

ཅུང་ཙམ་གྱི་རྗེས་སུ། སྦེལ་ཀོབ་བདེ་སླར་གྲོང་སྡེ་བཅུ་གཅིག་པ་ནས་ཡིན་པའི་བྱམས་པ་ཟེར་བ་ཞིག་གིས་མཐོང་ཡོད་པ་དང་། ལམ་སང་ཁ་པར་ནས་བརྙན་བླངས་ཏེ་ག་རེ་བྱས་ནས་རྡུང་གི་ཡོད་ཅེས་སྐད་ཆ་འདྲི་སྐབས། ཁ་ལོ་བ་དེས་དངུལ་སྤྲོད་ཀྱི་མི་འདུག་ཅེས་ངར་བ་མ་ཟད། ཁྱེད་རང་ཚོ་མར་ཀུ་ཤིལ་ནཱ་གྷར་ལ་ཤོག་དང་། གཅར་རྡུང་གཏོང་གི་ཡིན་ཞེས་སོགས་ལབ་རྗེས་གླ་འཁོར་བཏང་ནས་ཕྱིན་ཡོད་འདུག

དེ་ནས་ལུགས་བསམ་གྲོང་སྡེ་བཞི་པ་ནས་ཡིན་པའི་ཨོ་རྒྱན་རྡོ་རྗེ་ཡིས་སྐད་བསྒྱུར་རོགས་བྱས་ཏེ་ས་གནས་ཉེན་རྟོག་ཁང་ལ་གནས་ཚུལ་ཞུ་གཏུག་བྱས་ཡོད་པ་དང་། ཨོ་རྒྱན་རྡོ་རྗེ་ལགས་ས་གནས་ཉེན་རྟོག་པར་འབྲེལ་བ་ཡག་པོ་ཡོད་པ་མ་ཟད། ནམ་རྒྱུན་མི་ལ་དཀའ་ངལ་འཕྲད་སྐབས་རོགས་པ་མང་པོ་བྱེད་འདུག་མཁན་ཞིག་ཡིན་འདུག

ད་ལན་གྱི་གནས་ཚུལ་འདི་དང་འབྲེལ་ཏེ་ས་གནས་མགོ་འཛིན་ལགས་སུ་མི་མང་ལ་རེ་སྐུལ་གནང་རྒྱུ་ཅི་ཡོད་དྲིས་པར་ཁོང་གིས། ང་ཚོ་སྐྱབས་བཅོལ་བ་ཞིག་ཡིན་དུས་ག་དུས་ཡིན་ནའང་གྱོང་འཁུར་ནས་བསྡད་ཡོད་པ་དང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ནང་ཡུལ་མི་མཉམ་དུ་འཆམ་མཐུན་དགོས་གསུང་གི་ཡོད་པ་ལྟར། ང་ཚོས་སོ་སོའི་ཐོད་པའི་སྒང་ལ་སྐྱབས་བཅོལ་བ་ཞེས་བྲིས་ཡོད་བསམ་སྟེ་འགྲོ་ཤེས་འདུག་ཤེས་དགོས་པ་དེ་དཔེ་གལ་ཆེན་པོ་ཡིན་སྐོར་བརྗོད་བྱུང་།

ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༡༡/༢༤

Leave a Reply

One thought on “རྐང་གསུམ་གླ་འཁོར་གྱི་ཁ་ལོ་བ་བཙོན་ཁང་དུ་བཅུག་འདུག