མི་མང་གིས་ཞུ་འབོད་ལས་འགུལ་སྤེལ་གྱི་འདུག

མི་མང་ལས་འགུལ་བས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐད་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་གང་མགྱོགས་ཐག་གཅོད་གཙང་མ་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བའི་སྟེང་དྷ་ས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ། རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་ཅིག་དང་། བཞུགས་སྒར་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་ ༡༢༠ ལྷག་འདུ་འཛོམས་ཀྱིས། ཉེ་སྔོན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་སྐོར་ལ་སྔ་གཞུག་ཏུ་ཡིག་ངག་གཉིས་ཐོག་ནས་གསལ་བཤད་རིམ་པ་ཞིག་གནང་ཡོད་ཀྱང་། གསལ་བཤད་དེ་དག་ཁ་གསལ་དང་དྲང་བདེན་སོགས་མིན་ལུགས་ཀྱིས་མི་མང་གི་འདོད་བློ་མ་ཁེངས་པར་བརྟེན། བཀའ་ཤག་ནས་གནད་དོན་དེ་ཁ་གསལ་བཟོ་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་གྱི་འདུག་ལ།  ལས་འགུལ་བའི་འབོད་ཚིག་འཕྲེད་དར་སྟེང་། “བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱེད་དགོས” “རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་དོན་རྐྱེན་འདི་གང་མགྱོགས་ཐག་གཅོད་བྱེད་དགོས།” “༧གོང་ས་མཆོག་གི་མཛད་འཕྲིན་ལ་རྩིས་མེད་རྡོག་རོལ་བཏང་མི་ཆོག” “དབང་ཆ་ལོག་སྤྱོད་བྱས་མི་ཆོག” “མི་མང་གི་མངོན་འདོད་སྣང་མེད་བཏང་མི་ཆོག” “བོད་མིའི་རྩ་ཁྲིམས་ལོག་སྤྱོད་མ་བྱེད།” ཅེས་སོགས་བྲིས་འདུག

གསར་འགོད་པས་མི་མང་ལས་འགུལ་བ་ཁག་ཅིག་ལ་ཁོང་ཚོ་དགོས་པ་རྒྱུ་མཚན་གང་གི་ཐོག་ནས་ཞི་བའི་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན་དྲིས་པར། ལས་འགུལ་བ་འཕྲིན་ལས་ཟེར་བ་ཞིག་གིས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་ཐད་ལ་ཐོག་མར་བཀའ་དྲུང་ནས་གསལ་བསྒྲགས་སྤེལ་བ་དང་། དེའི་རྗེས་ནས་སྲིད་ཚབ་ཀྱིས་གསལ་བཤད་བྱས་པ། དེའི་རྗེས་ནས་སྲིད་སྐྱོང་མཆོག་གིས་ནོར་ཝེ་དང་ཁེ་ན་ཌ་བཅས་ནས་གསལ་བཤད་གནང་སོང་། ཡིན་ནའང་སྔ་རྗེས་ཀྱི་གསལ་བཤད་ཚང་མའི་ནང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གནས་དབྱུང་གཏོང་དགོས་པའི་གནོད་དོན་གང་ཡང་མཐོང་མ་སོང་། དོན་གཅོད་སྤེན་པ་ཚེ་རིང་ལ་མཚོན་ན། འདས་པའི་ལོ་ངོ་ ༢༠ རིང་བོད་མི་རིགས་ཀྱི་རྩ་དོན་ཆེད་ཕྱག་ལས་རླབས་ཆེན་གནང་ཡོད་པ་རེད། ཁོང་གིས་བཀའ་ཤག་གི་ལན་འདེབས་ཆ་ཚང་ལ་སྒུག་ནས་ཁུ་སིམ་པོར་བསྡད་པ་དང་། བཀའ་ཤག་གི་གསལ་བཤད་ནང་ཁུངས་སྐྱེལ་ཡོད་པ་དང་། བཅའ་ཁྲིམས་དང་མཐུན་པ། སྤྱི་ཚོགས་ནང་ཕྱི་གསལ་ནང་གསལ་གྱི་གསལ་བཤད་ར་སྤྲོད་གང་ཡང་བྱས་མེད་དུས། སྐུ་ཚབ་དོན་གཅོད་མཆོག་གནས་དབྱུང་གཏོང་དགོས་པའི་གནད་དོན་ག་རེ་ཡོད་མེད་ཐད་ང་རང་ལ་དོགས་པ་ཡོད། མི་མང་ལ་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱེད་པའི་ཐོབ་ཐང་ཡོད་པ་རེད། དེ་མིན་ངས་སྤེན་པ་ཚེ་རིང་དཀར་པོ་བཟོ་བ་དང་བློ་བཟང་སེང་གེ་ནག་པོ་བཟོ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གམ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ངོས་ནས་གནད་དོན་འདིའི་སྐོར་ལ་ལན་འདེབས་ཏག་ཏག་ཅིག་བྱས་མེད་སྟབས། ང་དེ་རིང་གི་ལས་འགུལ་ནང་ཞུགས་པ་ཡིན། ཞེས་བརྗོད་བྱུང་། ཡང་ལས་འགུལ་བ་ཚེ་རིང་དབང་ཕྱུགས་ཟེར་བ་ཞིག་གིས། ང་རང་ཐེངས་འདིའི་ལས་འགུལ་ནང་ཞུགས་པའི་རྒྱུ་མཚན་གཙོ་བོ་ནི། བཀའ་ཤག་གིས་དྲང་པོ་གནང་མ་སོང་བས། ང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་དུ་ཡོང་བ་ཡིན། ཞེས་བརྗོད་བྱུང་།

ལས་འགུལ་བ་ཀུན་དགའ་ཟེར་བ་ཞིག་གིས། ང་རང་རྒྱུ་མཚན་གཙོ་བོ་གཉིས་ཀྱི་ཐོག་ནས་ལས་འགུལ་ནང་ཞུགས་པ་ཡིན། རྒྱུ་མཚན་གཅིག་དེ། ཟླ་འདིའི་ཚེས་ ༧ ཉིན་གཞུང་འབྲེལ་དྲ་རྒྱའི་ཐོག་སྐུ་ངོ་སྤེན་པ་ཚེ་རིང་གནས་དབྱུང་གཏོང་དགོས་པའི་ནང་དོན་གཙོ་བོ་གསུམ་བཤད་འདུག གནད་འགག་གཙོ་བོ་གསུམ་དེ་དོན་ཚན་གསུམ་པ་བཞི་བ་བརྒྱད་པ་བཅས་ཡིན་འདུག དོན་ཚན་གསུམ་པ་བཞི་བའི་ནང་བཀོད་ཁྱབ་མ་གཏོགས་ཉེན་བརྡ་མི་འདུག དོན་ཚན་བརྒྱད་པའི་ནང་བཀོད་ཁྱབ་གསུམ་པ་དེ་ཉེན་བརྡ་མཐའ་མའི་ངོ་བོར་བཏང་དགོས་གྱུར་ཡོད་ཅེས་ལབ་འདུག དེ་གཞུང་གི་གསལ་བཤད་རེད། སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་བཅར་འདྲིའི་ལན་དུ། ད་ལྟའི་བར་དུ་ང་ལ་ཉེན་བརྡ་གཅིག་མ་གཏོགས་འབྱོར་མ་སོང་ཞེས་ལབ་ཡོད་དུས། ང་ཚོ་མི་མང་ནང་གནད་དོན་གང་ཡིན་མིན་ཐད་ལ་རང་བཞིན་གྱིས་དོགས་པ་ཆགས་སོང་། རྒྱུ་མཚན་གཉིས་པ་དེ་སྲིད་སྐྱོང་མཆོག་ཡུ་རོབ་ནང་ཆིབས་བསྒྱུར་བསྐྱངས་སྐབས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བར་སྤེན་པ་ཚེ་རིང་ཁོ་རང་གིས་ཁས་ལེན་བྱས་ཡོད་ཅེས་གསུངས་སོང་། སྐུ་ངོ་སྤེན་པ་ཚེ་རིང་གིས། ངས་ཁས་ལེན་བྱས་པ་དེ་སྲིད་སྐྱོང་གཙོས་པའི་བཀའ་ཤག་ལྷན་རྒྱས་ལ་ལས་བྱེད་འཕོ་འགྱུར་གཏོང་བའི་སྐུ་དབང་ཆ་ཚང་ཡོད་པ་དེ་ལ་ཁས་ལེན་བྱས་ཡིན་ཞེས་གསུངས་ཡོད་སྟབས། དོན་དག་དེ་གཉིས་ཁ་ཁ་ཆགས་ཀྱི་འདུག དེ་ལ་བརྟེན་ནས་མི་མང་ནང་རྙོག་དྲ་མང་པོ་བྱུང་ཡོད་པ་རེད། རྒྱུ་མཚན་གཙོ་བོ་དེ་གཉིས་ཀྱི་ཐོག་ནས་དེ་རིང་གི་ལས་འགུལ་ནང་ཞུགས་པ་ཡིན། ཞེས་བརྗོད་བྱུང་།

གོང་ཞུས་ལས་འགུལ་བ་གསུམ་ལ་དེ་རིང་གི་ལས་འགུལ་འདིའི་ཐོག་ནས་བཀའ་ཤག་ལ་འབོད་སྐུལ་ཞུ་རྒྱུ་གཙོ་བོ་ག་རེ་ཡོད་དྲིས་པར། ཐེངས་འདིའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་ཐད་ནས་བཀའ་ཤག་གིས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཏག་ཏག་ཅིག་བྱས་མེད་པས། བཅའ་ཁྲིམས་གཏན་འབེབས་དང་ལག་ལེན་གཉིས་འགལ་ཟླ་ཆགས་ཡོད་པ་རེད། དེར་བརྟེན་དེ་ལ་ཛ་དྲག་གི་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་དངོས་ཡོད་གནས་ཚུལ་ཕྱི་གསལ་ནང་གསལ་མ་བྱུང་སྔོན་ལ་སྐུ་ངོ་སྤེན་པ་ཚེ་རིང་གི་ལས་གནས་འཕོ་འགྱུར་གཏོང་ཆོག་གི་མ་རེད། སྤྱིར་བཏང་ལས་བྱེད་གནས་དབྱུང་གཏོང་ཕྱོགས་སྐོར་ལ་རང་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཉི་ཤུའི་ནང་གསལ་ལ། འགན་འཛིན་སྡེ་ཚན་དང་། ལས་བྱའི་སྡེ་ཚན་གཉིས་ཀའི་ལས་བྱེད་སུ་ཞིག་ལ་ཉེས་སྐྱོན་ར་སྤྲོད་བྱུང་སྟེ་གནས་རིམ་ཕབ་པའམ། བགྲེས་ཡོལ་སྔ་བསྣུར། གནང་དབྱུང་བྱེད་དགོས་ཀྱི་སྒྲིག་མཐུན་ཞིབ་འཇུག་ལས་དོན་ཟིན་ཏེ་མཐའ་མའི་ཐག་གཅོད་ཆེད་འཆར་གཞི་བཀའ་ཤག་གིས་ཕུལ་རིགས་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་རྟོག་ཞིབ་ཀྱིས་འོས་འཚམས་ལ་གནས་ཕབ་བམ་གནས་དབྱུང་བཀོད་ཁྱབ་གཏོང་རྒྱུ། འོས་འཚམས་མིན་རིགས་འཆར་གཞི་ཕྱིར་སློག་དང་། འདྲི་རྩད་བྱ་དགོས་རིགས་མཐིལ་ཕྱིན་བྱེད་དགོས། ཞེས་འཁོད་ཡོད་པ་རེད། ཡིན་ནའང་བཀའ་ཤག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་སྐབས། ལས་རིམ་འདི་དག་བརྒྱུད་མ་སོང་། དེར་བརྟེན་མ་འོངས་པར་ཛ་དྲག་གི་ཞིབ་འཇུག་ཚོགས་ཆུང་བརྒྱུད་ནས་གནད་དོན་གང་ཡིན་གསལ་བོ་གསལ་རྐྱང་བཟོ་དགོས་ཀྱི་ཡོད་པ་རེད། གསལ་བོ་མ་བཟོས་བར་དུ་ངོ་སྐུ་སྤེན་པ་ཚེ་རིང་གི་ལས་གནས་འཕོ་འགྱུར་བཏང་ན་འགྲིག་གི་མ་རེད། དེ་ང་ཚོས་བཀའ་ཤག་ལ་ཞུ་འདོད་པའི་རེ་སྐུལ་ཡིན། ཞེས་བརྗོད་བྱུང་།

ལས་འགུལ་བ་མི་མང་གི་གསལ་བསྒྲགས་ཡིག་ཆའི་ནང་། སྐུ་ཚབ་དོན་གཅོད་ཁག་ལ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་མ་གནང་ཚེ། གནས་ཡུལ་རྒྱལ་ཁབ་ཏུ་དོན་གཅོད་ལས་ཁུངས་གནས་ཐབས་མེད་པ་ཡིན་པས། དོན་གཅོད་དེ་དག་ལ་༧གོང་ས་མཆོག་གི་སྐུ་ཚབ་ཡིན་པའི་མཚན་གནས་གཡར་གནང་ཡོང་བའི་ཆ་རྐྱེན་ཞིག་ཡིན་པ་ལས། དོན་གཅོད་བསྐོ་གཞག་བྱེད་མཁན་བཀའ་ཤག་ལ་དོན་ཚན་འདིའི་ཐོག་ནས་དོན་གཅོད་བསྐོ་གཞག་དང་འཕོ་འགྱུར་བྱེད་ཆོག་མིན་གྱི་དབང་ཆ་གང་ཡང་གསལ་མེད། གལ་སྲིད་དོན་གཅོད་འཕོ་འགྱུར་སྐོར་༧གོང་ས་མཆོག་ལ་༧སྙན་གསན་ཞུས་པ་ཡིན་ཟེར་བ་ཙམ་ཞིག་རྒྱུ་མཚན་དུ་བགྲང་གི་ཡོད་ན་ནི། བཀའ་ཤག་གིས་བསྐོ་གཞག་གནང་བའི་དོན་གཅོད་དེ་དག་ལ་སྐུ་ཚབ་ཀྱི་མཚན་གནས་གནང་རྒྱུ་བཅའ་ཁྲིམས་དོན་ཚན་འདིའི་ཐོག་ནས་༧གོང་ས་མཆོག་ལ་མཛད་འགན་ཕུལ་བ་ཞིག་ཡིན་ལ། བཅའ་ཁྲིམས་སུ་དོན་གཅོད་རྣམས་ལ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུའི་ཆ་རྐྱེན་འདི་ཕྱིར་བསྡུ་གནང་རྒྱུའི་བསྐྱར་བཅོས་གཏན་འབེབས་མ་གནང་བར་དུ། དེའི་ཐོག་བཀའ་ཤག་གིས་༧གོང་ས་མཆོག་ལ་གསར་དུ་བསྐོ་འཛུགས་བྱས་པའི་དོན་གཅོད་ཅིག་ལ་མཚན་གནས་གནང་སྐྱོང་ཡོང་བའམ། ཡང་ན་དོན་གཅོད་འཕོ་འགྱུར་བཏང་བ་དེའི་མཚན་གནས་ཕྱིར་བསྡུ་གནང་སྐྱོང་བའི་ཡོང་བའི་བཀའ་འཁྲོལ་ཞུ་ལམ་མེད་ལ། བཀའ་འདྲེན་གནང་བ་དེར་གཞི་རྩ་གང་ཡང་མེད།

ལར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡ པོའི་ནང་གསེས་ ༣ པའི་ནང་གོང་གསལ་བརྗོད་ཁག་དང་། དོན་ཚན་ ༧༢ ནང་གསེས་ ༡ ནང་། ས་གནས་མགོ་འཛིན་གྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མཚམས་འཛིན་གནང་སྐབས། སྐུ་ཚབ་དོན་གཅོད་ཁག་འོས་འདེམས་མ་དགོས་པ་ཡིན་ཞེས་བཀོད་པ་མ་གཏོགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཡོངས་སུ་རྫོགས་པའི་ནང་། སྐུ་ཚབ་དོན་གཅོད་ཁག་བསྐོ་གཞག་བྱེད་ཕྱོགས་དང་། འཕོ་འགྱུར་གཏོང་སྟངས་ཀྱིས་མཚོན་པའི་བྱེད་སྒོ་གཅིག་ཀྱང་བསྟན་མེད། དེར་བརྟེན། སྲིད་ཚབ་ཆོས་རིག་བཀའ་བློན་གྱིས་གསུང་པ་ལྟར་ན། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་པ་དེར་གཞི་འཛིན་ས་གང་ཡང་མེད། རྒྱུ་མཚན་ནི། བཅའ་ཁྲིམས་སུ་དོན་གཅོད་འཕོ་འགྱུར་གཏོང་ཕྱོགས་སྐོར་ཚིག་འབྲུ་གཅིག་ཀྱང་གསལ་མེད་པ་དང་། དོན་ཚན་ ༡ ནས་གསེས་ ༣ པ་དེ་༧གོང་ས་མཆོག་ཁོ་ནའི་སྐུ་དབང་ཡིན་སྟབས། ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ པོའི་ནང་གསེས་ ༣ ནང་གསལ་ལྟར་འཕོ་འགྱུར་བཏང་ཡོད་ཟེར་བ་ནི། ༧གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ཐོག་བཀའ་ཤག་ནས་ཐད་ཀར་ལག་པ་འཆང་བ་ཞིག་ཡིན་པ་མ་ཟད། བཀའ་ཤག་ལ་དོན་ཚན་དེའི་ཐོག་ལག་བསྟར་བྱེད་པའི་ཐོབ་ཐང་དང་དབང་ཚད་མེད་པ་མངོན་རྗེན་ཡིན་སྟབས། དངོས་གནས་བཅའ་ཁྲིམས་དོན་ཚན་འདིའི་ཆ་རྐྱེན་འོག་ནས་དོན་གཅོད་འཕོ་འགྱུར་གྱི་དབང་ཚད་བཀོལ་སྤྱོད་བྱས་པ་ཡིན་ཚེ། དེ་ནི་ཁྲིམས་འགལ་ཡིན། ཞེས་འཁོད་འདུག

མུ་མཐུད་གསལ་བསྒྲགས་ནང་སྒྲིག་གཞི་གཞིར་བཟུང་གནས་དབྱུང་བཏང་བ་ཡིན་ཚེ་སྒྲིག་གཞིའི་ནང་གསལ་ལྟར་བརྒྱུད་རིམ་ཁག་བརྒྱུད་ཡོད་མེད་དོགས་འདྲི་ཞུས་པའི་ནང་། བླང་དོར་སྒྲིག་གཞི་དོན་ཚན་ ༥༣ ནང་། ཀ༽ ལས་བྱེད་པའི་རང་འཁྲིའི་ལས་དོན་འཐུས་ཤོར་དང་སྒྲིག་འགལ་གྱི་གནས་ཚུལ་བྱུང་ཚེ། འབྲེལ་ཡོད་འགན་འཛིན་གྱིས་ངག་ཐོག་ནས་ངོ་སྤྲོད་བྱ་རྒྱུ་དང་། དེས་ཕན་སྐྱེད་མ་བྱུང་ན་ཡིག་ཐོག་ཉེན་བརྡ་གཏོང་དགོས། ཁ༽ ངོས་འཛིན་འོས་པའི་སྒྲིག་འགལ་དང་ལས་དོན་འཐུས་ཤོར་བྱུང་ན། འབྲེལ་ཡོད་ལས་བྱེད་དེར་དྲི་བ་བཀོད་དེ་གསལ་བཤད་བྱེད་རྒྱུའི་གོ་སྐབས་ལན་གཅིག་སྤྲོད་དགོས་པ་དང་། གསལ་བཤད་ཀྱིས་མ་དག་ན་ཉེན་བརྡ་གཏོང་བའམ་འོས་འཚམས་ཀྱི་ཆད་པ་འབྲེལ་ཡོད་འགན་འཛིན་གྱིས་གཏོང་ཆོག ག༽ རང་འཁྲིའི་ལས་འགན་ལ་ལྷོད་ཡངས་ཤོར་བ། གོང་རིམ་གྱི་བཀའ་ལ་མ་བརྩིས་པ། གཞུང་དངུལ་འདུ་འགོད་ཚུལ་བཞིན་མ་བྱས་པ། གཞུང་དོན་ཐོག་དྲང་བདེན་མིན་པའི་ཕྱོགས་ལྷུང་བྱས་པ། བཟང་སྤྱོད་དང་འགལ་བའི་ལས་ཀ་བྱས་པ་བཅས་བྱུང་ཚེ། འབྲེལ་ཡོད་འགན་འཛིན་གྱིས་གནས་ཚུལ་བཀའ་ཤག་ལ་སྙན་གསན་ཞུ་དགོས། ང༽ བཀའ་ཤག་གིས་འབྲེལ་ཡོད་འགན་འཛིན་གྱི་སྙན་ཤོག་ནང་འཁོད་པའི་དོན་གནད་རྣམས་ནས་དང་པོའི་མཐོང་སྣང་གི་འགལ་འཛོལ་མཐོང་ཚེ། འབྲེལ་ཡོད་ལས་བྱེད་ལ་ཉེས་འཛུགས་ཤོག་ལྷེ་དང་ཞིབ་འཇུག་ཆེད་འཕྲལ་དུ་ལས་དོན་མཚམས་འཇོག་གི་བཀོད་ཁྱབ་གཏོང་དགོས། ཅ༽ འབྲེལ་ཡོད་འགན་འཛིན་ནས་སྙན་ཤོག་མ་འབྱོར་ཡང་ལས་བྱེད་སུ་ཞིག་ལ་མིང་རྟགས་དང་ཁ་བྱང་འཁོད་པའི་སྐྱོན་འཛུགས་སྙན་ཞུ་འབྱོར་ཞིང་། ཞུ་སྦྱོར་བའི་ངོས་ལེན་ཡོད་པ་དང་། དང་པོའི་མཐོང་སྣང་དུ་འགལ་འཛོལ་ཡོད་རིགས་ཀྱང་ལས་དོན་མཚམས་འཇོག་གིས་ཞིབ་འཇུག་བྱེད་ཆོག ཆ༽ སྙན་ཤོག་གང་ཡང་མ་འབྱོར་ཡང་བཀའ་ཤག་གིས་ཐད་ཀར་དང་པོའི་མཐོང་སྣང་དུ་འགལ་འཛོལ་ཡོད་པ་མཐོང་ཚེ། ལས་དོན་མཚམས་འཇོག་གིས་ཞིབ་འཇུག་བྱེད་ཆོག ཇ༽ ལས་བྱེད་པས་ཡུལ་ཁྲིམས་དང་འགལ་བའི་ནག་ཉེས་བྱས་ཚེ། འབྲེལ་ཡོད་འགན་འཛིན་ནས་འཕྲལ་དུ་ས་གནས་སྐོར་སྲུང་བར་ཐོག་མའི་གནས་ཚུལ་གྱི་སྙན་ཞུ་ FIR དེབ་འགོད་བྱེད་དགོས། ཐ༽ ནག་ཉེས་ར་འཕྲོད་ཀྱིས་ཁྲིམས་ཁང་ནས་ཉེས་པ་ཕོག་ན་དེ་འཕྲལ་བཀའ་ཤག་བརྒྱུད་ལས་བྱེད་འདེམས་ལྷན་དུ་ཁྲིམས་ཁང་བཀའ་བཅད་ཀྱི་ངོ་བཤུས་ཕུལ་ཏེ། ལས་དོན་བར་མཚམས་བཞག་ཉིན་ནས་གནས་དབྱུང་གཏོང་དགོས། མ༽ཉེས་སྐྱོན་ཆེ་རིགས་གནས་རིམ་ཕབ་པའམ། རྒས་ཡོལ་སྔ་བསྣུར། གནས་དབྱུང་བྱ་དགོས་པ་བཅས་ཞིབ་འཇུག་གྲུབ་དོན་བཀའ་ཤག་གི་རྒྱབ་གཉེར་དང་ལས་བྱེད་འདེམས་ལྷན་དུ་འབུལ་རྒྱུ། ལས་བྱེད་འདེམས་ལྷན་གྱིས་རྟོག་ཞིབ་ཀྱིས་འོས་འཚམས་ལ་གནས་ཕབ་གནས་དབྱུང་རྒས་ཡོལ་སྔ་བསྣུར་གང་ཡིན་གྱི་བཀོད་ཁྱབ་གཏོང་རྒྱུ་དང་། འོས་འཚམས་མིན་རིགས་འཆར་གཞི་ཕྱིར་སློག་གམ་ཐད་ཀར་བསྐྱར་ཞིབ་གང་འོས་གནང་འཐུས།་ཞེས་འཁོད་འདུག

ཡང་གསལ་བསྒྲགས་ནང་། བཅའ་ཁྲིམས་དོན་ཚན་ང་བཞི་པའི་ནང་གསེས་ ཀ༽པར། ལས་བྱེད་པར་ཉེས་འཛུགས་ཞིབ་འཇུག་བྱ་དགོས་རྣམས་ལ་བཀའ་ཤག་གིས་ཉེས་སྐྱོན་གྱི་གནས་བབ་ལ་གཞིགས་པའི་ཞིབ་འཇུག་པ་ཚོགས་མི་གཉིས་སམ་གསུམ་ལས་མ་བརྒལ་བའི་ཚོགས་ཆུང་བསྐོ་རྒྱུ་དང་། དོན་ཚན་ ༥༦ ནང་གསེས་ ཀ༽ པར། ཞིབ་འཇུག་སྙན་ཐོའི་ཐོག་བཀའ་ཤག་གིས་བཅད་ཁྲ་བཏང་བར་འདོད་བློ་མ་ཁེངས་ན་འབྲེལ་ཡོད་ལས་བྱེད་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་གོང་ཞུ་བྱེད་ཆོག ལས་བྱེད་གནས་དབྱུང་ཟིན་པ་ཞིག་ཡིན་ན་ལས་བྱེད་འདེམས་ལྷན་དུ་ཐད་ཀར་སྙན་འབུལ་ཆོག་ཅིང་། ལས་བྱེད་ཡིན་མུས་ཡིན་ན་འབྲེལ་ཡོད་ལས་ཁུངས་དང་བཀའ་ཤག་བརྒྱུད་ལས་བྱེད་འདེམས་ལྷན་དུ་གོང་ཞུ་བྱེད་དགོས། གོང་ཞུའི་སྙན་ཞུ་འབྲེལ་ཡོད་ལས་ཁུངས་དང་བཀའ་ཤག་གིས་བཀག་འགོག་མི་ཆོག ཁ༽ ལས་བྱེད་འདེམས་ལྷན་གྱི་ཐག་གཅོད་ལ་འདོད་བློ་མ་ཁེངས་ཚེ། ཁྲིམས་ཞིབ་ཁང་གང་འོས་སུ་ཁྲིམས་གཏུག་བྱེད་ཆོག ལས་བྱེད་པ་ཡིན་ན་ཁྲིམས་གཏུག་ཆོག་པའི་བཀའ་འཁྲོལ་འབྲེལ་ཡོད་ལས་ཁུངས་བརྒྱུད་བཀའ་ཤག་ནས་ཞུ་དགོས་ཞེས་བཀོད་ཡོད་པ་རེད། དེར་བརྟེན། ལས་བྱེད་བླང་དོར་སྒྲིག་གཞིའི་ཁྱབ་འོག་ཏུ་ཡོད་པའི་ལས་བྱེད་གཅིག་ལ་ལས་འགན་མཚམས་འཇོག་བྱེད་དུ་འཇུག་པའམ། ཉེས་འཛུགས་ཞིབ་འཇུག་གིས་གནས་ཕབ་བའམ། གནས་དབྱུང་གི་ཐག་གཅོད་བཅད་ཁྲ་གཏོང་བ་གང་ཞིག་བྱེད་དགོས་ཀྱང་། གོང་གསལ་སྒྲིག་གཞིའི་བརྒྱུད་རིམ་གཞིར་བཟུང་འགྲོ་དགོས་པ་ལས། བླང་དོར་བརྡ་སྟོན་གྱི་ཡི་གེ་གཉིས་བཏང་བ་དང་། དེའི་རྗེས་མཐའ་མའི་ཉེན་བརྡ་གཅིག་བཏང་སྟེ་གནས་དབྱུང་བཏང་བ་ཡིན་ན། བཀའ་ཤག་གི་ཐག་གཅོད་དེ་བླང་དོར་སྒྲིག་གཞི་དང་མཐུན་པ་ཞིག་ཆགས་ཀྱི་མི་འདུག མདོར་ན། བཀའ་ཤག་གིས་ཨ་རིའི་དོན་གཅོད་ལས་འགན་མཚམས་འཇོག་གི་ཐག་གཅོད་དེའ་བཅའ་ཁྲིམས་དོན་ཚན་ ༡ ནང་གསེས་ ༣ པ་གཞིར་བཟུང་ལག་བསྟར་གནང་བ་ཡིན་གསུངས་པ་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ལ་ལག་པ་འཆང་བ་ཞིག་ཡིན་པ་དང་། བཅའ་ཁྲིམས་ནང་དོན་གཅོད་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དང་བརྒྱུད་རིམ་གཏན་ནས་མེད་བཞིན་དུ། བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་ཚེ། བཅའ་ཁྲིམས་རིན་པོ་ཆེར་ཚབས་ཆེའི་འགྲེལ་ལོག་བསྐྱོན་པ་ཞིག་ཡིན། དོན་གཅོད་ལས་ཐོག་པ་དེ་བླང་དོར་སྒྲིག་གཞི་དང་འགལ་བའི་ཆ་ནས་ལས་འགན་ཕྱིར་བསྡུ་གནང་བ་ཡིན་གསུངས་ན། འགལ་བའི་ཆ་དེ་བླང་དོར་སྒྲིག་གཞིའི་བརྒྱུད་རིམ་གཞིར་བཟུང་ཕེབས་དགོས་པ་ལས། སྒྲིག་གཞི་དང་མ་མཐུན་པའི་སྒོ་ནས་ཐག་གཅོད་གནང་བ་དེ་བརྒྱུད་རིམ་ཁྲིམས་མཐུན་ཆགས་ཀྱི་མེད་པས། དཔལ་ལྡན་བཀའ་ཤག་ནས་འདིའི་ཐོག་དགོངས་པ་གཟབ་བཞེས་གནང་གལ་ཞུ། ཞེས་འཁོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་དང་པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༢༨

Leave a Reply

28 thoughts on “མི་མང་གིས་ཞུ་འབོད་ལས་འགུལ་སྤེལ་གྱི་འདུག

  1. མཐུན་བཞི་ཚང་།

    ༄།། །བཀྲིས་བདེ་ལེགས་དངོས་གནས་ཡིན། སྤྱིར་མང་གཙོའི་གོ་རྟོགས་དང་། བྱེ་བྲག་ཏུ་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དོན་ཚན་ཁག་ལ་ནམ་རྒྱུན་ནས་དོ་སྣང་གིས་གཟི་བརྗིད་དང་། ཆེ་མཐོང་། འོས་འགན་བཅས་གསུམ་གྱི་རང་བཞིན་ལྡན་པའི་ལས་འགུལ་དེ་འདྲ་ཞིག་སྤེལ་བར་བསྔགས་བརྗོད་ཡོད། དེ་ནི་མང་གཙོའི་སྤྱི་ཚོགས་ལ་ཡོད་པའི་རང་བཞིན་ཞིག་རེད། རྒྱུ་མཚན་གང་ཡང་ཤོད་རྒྱུ་མེད་པར་རང་གི་ཚོར་བ་དང་། ལོང་བའི་ཞེན་ཁོག་སྐམ་པོའི་ནད་ཀྱིས་མཉར་བའི་རྣམ་དབྱེ་དང་པོ་བ་ཚོ་དང་མི་མཐུན་པའི་ལས་འགུལ་ཞིག་སྤེལ་མཁན་བྱུང་ན་ལས་འགུལ་དེ་སྤེལ་མཁན་རྣམས་ལ་ཁོང་ཚོས་དོལ་ཚོགས་པ་དང་། རང་གཞུང་ལ་ངོ་ལོག་པ། རྒྱ་གཞུང་གི་རྒྱུག་ཁྱི་སོགས་མི་འོས་པར་འབོད་པ་དེ་དག་ནི་ཨམ་ཆོག་རྒྱབ་ཀྱི་ལྷག་པ་བཞིན་སྣང་མེད་དུ་ཐོངས་ཤིག་གུ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

    མཐུན་བཞི་ཚང་ནས་ཕུལ།