ལྷོ་ཕྱོགས་ཁྲིམས་ཞིབ་པས་རྩ་དགོངས་ཞུས།

བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་ནས་རྒྱ་གར་ལྷོ་བྱང་གཉིས་ཀྱི་ཁྲིམས་ཞིབ་པའི་འགན་གཅིག་ལྕོགས་སུ་འཁུར་བཞིན་ཡོད་པ་རེད།

ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཡོད་པའི་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་རྩ་དགོངས་ཞུས་ཡོད་སྟབས། ད་ལྟའི་ཆར་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གིས་ལྷོ་བྱང་གཉིས་ཀྱི་ཁྲིམས་ཞིབ་པའི་འགན་གཅིག་ལྕོགས་སུ་འཁུར་བཞིན་ཡོད་པ་དང་། ད་ལྟའི་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ལྷག་པ་སྒྲོལ་མ་ལགས་ཀྱང་མི་རིང་བར་གནས་སྤོ་གཏོང་རྒྱུ་ཡིན་འདུག

འདི་གའི་ས་གནས་གསར་འགོད་པས་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་སུ་ལས་གནས་ནས་རྩ་དགོངས་ཞུ་དོན་ཅི་ཡིན་དྲིས་པར་ཁོང་གིས། དབུས་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ས་གནས་ཁྲིམས་ཞིབ་པའི་བར་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་གི་དོན་ཚན་ཞིག་གི་ཐོག་ཕན་ཚུན་གོ་བ་ལེན་ཕྱོགས་མི་མཚུངས་པའི་དཀའ་ངལ་འོག འདི་ལོའི་ཕྱི་ཟླ་ ༨ ནང་ས་གནས་ཁྲིམས་ཞིབ་པའི་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་དང་། ད་ལྟའི་ཆར་ཐོབ་གསེང་གུང་གསེང་གི་ངོ་བོར་གནས་ཡོད་འདུག ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བསྐོ་བཞག་གནང་བ་ལྟར། ཟླ་འདིའི་ཟླ་མཇུག་ནས་བཀའ་དྲུང་ཡིག་ཚང་གི་ལོ་རྒྱུས་འབྲི་རྩོམ་དང་བར་བརྒལ་སྡེ་ཚན་ནང་ཕྱག་ལས་གནང་རྒྱུ་ཡིན་འདུག

བསྟན་འཛིན་མཁྱེན་རབ་ལགས་ཕྱི་ལོ་ ༢༠༡༥ ལོར་ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ནས་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པར་བསྐོར་བཞག་གནང་ཡོད་པ་དང་། འདས་པའི་ལོ་གཉིས་ལྷག་ཙམ་རིང་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་ནས་ཁ་མཆུ་གྱོད་དོན་རིགས་ ༥ ཙམ་ཐག་གཅོད་གནང་ཡོད་པ་དང་། ཞུ་གཏུག་བྱས་པའི་ཁ་མཆུ་ཁག་ཅིག་ལ་ཆ་རྐྱེན་མ་ཚང་བའི་རྐྱེན་གྱིས་ཕྱིར་སློག་བཏང་ཡོད་འདུག

ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་ཕྱི་ལོ་ ༢༠༠༤ ལོར་གསར་འཛུགས་གནང་བ་ནས་ད་ལྟའི་བར་ས་གནས་ཁྲིམས་ཞིབ་པ་ ༦ འཕོ་འགྱུར་བྱུང་ཡོད་པ་དང་། ཁྲིམས་ཞིབ་ཁང་འདིའི་ཁོངས་སུ་ལྷོ་གཞིས་ཆེ་ཁག་ལྔ་དང་བྷང་ལོར། ཨོ་ཁྲི། སྤོན་ཏྲི་ཅ་རི། ན་སིག མུན་བྷེ། གྷོ་བཱ། དེ་བཞིན་ཁ་འཐོར་ས་གནས་ཁག་བཅས་ཚུད་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༡༢/༠༨

Leave a Reply