ཇེ་རོ་སི་ལིམ་གྲོང་ཁྱེར་གྱི་བདག་དབང་རྩོད་རྙོག་ཛ་དྲག་ཏུ་གྱུར།

དཀྱིལ་ཤར་ཡུལ་གྲུ་ཁག་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་པོས་ཨ་རིའི་སྲིད་འཛིན་ཊོམ་ཕུས་ཇེ་རོ་སི་ལིམ་གྲོང་ཁྱེར་ཨི་ཛི་རལ་གྱི་རྒྱལ་ས་ཡིན་སྐོར་བསྒྲགས་པ་དེར་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་འདུག

ཕྱི་ཟླ་༡༢ པའི་ཚེས་ ༦ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུས་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཨི་ཛི་རལ་དང་པ་ལི་སི་ཐན་གཉིས་བར་ལོ་མང་རིང་རྩོད་རྙོག་ཅན་ཏུ་གྱུར་བ་ཇེ་རོ་སི་ལིམ་(Jerusalem)གྲོང་ཁྱེར་དེ་ཨི་ཛི་རལ་གྱི་རྒྱལ་ས་ཡིན་སྐོར་གསལ་བསྒྲགས་གནང་ཡོད་སྟབས། ཇེ་རོ་སི་ལིམ་གྱི་པ་ལི་སི་ཐན་མི་མང་གིས་ཕྱི་ཚེས་ ༦ ནས་བཟུང་ངོ་རྒོལ་ལས་འགུལ་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་བྱེད་སྐབས། ངོ་རྒོལ་བ་དང་ཨི་ཛི་རལ་གཞུང་དམག་བར་ཟིང་འཁྲུག་བྱུང་སྟེ། ལྟ་སྲུང་དམག་མི་གཅིག་དང་ལས་འགུལ་བ་མི་བཞིའི་ཚེ་སྲོག་ཤོར་བ་དང་། མི་ ༨༠༠ མ་ཟིན་ཙམ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག ཊོམ་ཕུའི་ཐག་གཅོད་དེ་ཕྱིར་བསྒྲགས་བྱས་རྗེས། ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་གི་གཙོས་ཆོས་ལུགས་ཀྱི་དབུ་འཁྲིད་དང་། དཀྱིལ་ཤར་ཡུལ་གྲུ་ཁག་གི་མགོ་འཁྲིད་ཁག་ཅིག་ནས་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ཨིན་རྡི་ནེ་ཞི་ཡ་དང་། མ་ལེ་ཞི་ཡ། དབྱི་རག ཇྰོ་ཌན། དེ་བཞིན། ཊོར་ཁེ། ཨེ་ཇིབ་བཅས་ཀྱི་ནང་ཊོམ་ཕུའི་ཐག་གཅོད་ལ་ངོ་རྒོལ་ཤུགས་ཆེན་བཞིན་ཡོད་འདུག

ཊོམ་ཕུའི་ཐག་གཅོད་དེར་ཨི་ཛི་རལ་གྱི་སྲིད་འཛིན་བྷན་ཇཱ་མེན་(Benjamin Netanyahu)གྱིས། ཇོ་རེ་སི་ལིམ་ནི་ལོ་ངོ་༣༠༠༠ གོང་ནས་ཨི་ཛི་རལ་གྱི་རྒྱལ་ས་ཡིན་པ་དང། སྲིད་འཛིན་ཊོམ་ཕུས་དོན་དངོས་དེ་མདུན་ཅོག་ཐོག་བཞག་པ་རེད། ཅེས་བརྗོད་འདུག་ཀྱང་། པ་ལི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་རེ་ཡ་ཌི་ཨལ་མལ་ཀེ་(Riad Al-Malki)ཡིས། ཊོམ་ཕུའི་ཐག་གཅོད་དེ་ནི་ཁུངས་ལུང་གང་ཡང་མེད་པའི་ཁྲིམས་འགལ་གྱི་ཐག་གཅོད་ཅིག་ཡིན་པ་མ་ཟད། ཆབ་སྲིད་དང་ཁྲིམས་ལུགས་གང་གི་ཐད་ནས་ཀྱང་དང་ལེན་བྱེད་ཐབས་མེད། ཅེས་བསྒྲགས་འདུག

དེ་བཞིན། ཊོར་ཁེ་སྲིད་འཛིན་ཨི་ཌན་གྷན་(Recep Tayyip Erdogan)ལགས་ཀྱིས། ཨི་ཛི་རལ་ནི་འཇིགས་སྐུལ་རིང་ལུགས་པ་དང་། བྱིས་པ་དམར་གསོད་གཏོང་མཁན་གྱི་མངའ་སྡེ་ཞིག་ཡིན་སྟབས། ང་ཚོ་ཁ་ཆེའི་རྒྱལ་ཁབ་ཁག་གི་མགོ་འཁྲིད་ཚོ་ཊོར་ཁེའི་ནང་འདུ་འཛོམས་བྱས་ཏེ། དམངས་གཙོ་དང་ཁྲིམས་ལུགས་གཞིར་བཞག་གིས་ཇེ་རོ་སི་ལིམ་གྲོང་ཁྱེར་གྱི་བདག་དབང་ཐད་འཐབ་རྩོད་བྱ་རྒྱུ་ཡིན་པ་མ་ཟད། ང་ཚོའི་ས་ཁྲའི་སྟེང་ཨི་ཛི་རལ་གྱིས་སོ་སོའི་འཆར་གཞི་ལེགས་འགྲུབ་བྱ་རྒྱུ་ཡིན་ཟེར་བ་དེ་ལས་སླ་པོ་ཞིག་མིན་པ་ཚོར་དུ་འཇུག་ངེས་ཡིན། ཞེས་བརྗོད་ཡོད་སྟབས། ཨི་ཛི་རལ་གྱི་སྲིད་བློན་བྷན་ཇཱ་མེན་ལགས་ཀྱིས་སོ་སོའི་གྲོང་གསེབ་(Kurdish)ནང་མེ་སྒྱེགས་འཕེན་མཁན་དང་། གསར་འགོད་པ་བཙོན་འཇུག་བྱེད་མཁན། དབྱི་རན་ལ་རྒྱལ་སྤྱིའི་སྒྲིག་ཁྲིམས་ལས་བརྒལ་བའི་ལས་འགུལ་སྤེལ་དུ་འཇུག་མཁན། ད་དུང་འཇིགས་སྐུལ་རིང་ལུགས་པར་རྒྱབ་སྐྱོར་དང་། ཉེས་མེད་མི་མང་ལྐོག་གསོད་གཏོང་མཁན་ཊོར་ཁེའི་སྲིད་འཛིན་ཨེ་ཌན་གྷན་ལྟ་བུའི་ང་ཚོར་སྐད་ཆ་བཤད་པའི་ཐོབ་ཐང་མེད། ཅེས་ལན་འདེབས་བྱས་ཡོད་པ་རེད།

ཕྱི་ཚེས་ ༩ ཉིན་ཨེ་ཇིབ་ཀྱི་རྒྱལ་ས་ཁེ་རོ་(Cairo)རུ་ཨེ་རབ་ཀྱི་མངའ་སྡེ་ཁག་ ༢༢ ཀྱི་ཕྱི་སྲིད་བློན་ཆེན་རྣམས་ལ་ཛ་དྲག་ཚོགས་འདུ་བསྐོངས་ཏེ། ཨ་རིའི་སྲིད་འཛིན་གྱི་ཐག་གཅོད་དེ་ནི་ཉེན་ཚབས་རང་བཞིན་ཅན་གྱི་ཐག་གཅོད་ཅིག་ལ་ངོས་འཛིན་དང་། ཨ་རིས་ཇེ་རོ་སི་ལིམ་གྱི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། ཨི་ཛི་རལ་དང་པ་ལི་སི་ཐན་བར་གྱི་ཞི་མོལ་གྲོས་ཆོད་མེད་པར་བཟོས་པ་མ་ཟད། ཊོམ་ཕུའི་ཐག་གཅོད་དེས་ཨེ་རབ་རྒྱལ་ཁབ་ཁག་ནས་དང་ལེན་བྱས་པའི་ཇེ་རོ་སི་ལིམ་གྱི་ཁྲིམས་མཐུན་གནས་བབ་ལ་འགྱུར་བ་ཐེབས་ཡོད་སྟབས། དེས་ཨེ་རབ་ཡུལ་གྲུ་ཁག་ཏུ་གནས་པའི་ཁ་ཆེ་དང་། ཡེ་ཤུ་རྗེས་འཇུག་བ་མི་མང་གི་སེམས་ཁམས་དཀྲུག་ཡོད་ལ། དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད། ཅེས་བསྒྲགས་ཡོད་འདུག

ཡུ་རོབ་ནང་སྐོར་སྐྱོད་བྱེད་བཞིན་པའི་ཨི་ཛི་རལ་གྱི་སྲིད་བློན་བྷན་ཇཱ་མེན་གྱིས། ད་ལན་ཁོ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཕྱིན་ཏེ། ཨ་རི་ལྟར་ཡུ་རོབ་རྒྱལ་ཁབ་ཁག་གིས་ཇེ་རོ་སི་ལིམ་ཨི་ཛི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་པའི་ཐོག གྲོང་ཁྱེར་ཇེ་རོ་སི་ལིམ་ནང་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་བཙུགས་ཏེ། ང་ཚོ་དང་ལྷན་དུ་བདེ་འཇགས་དང་། འཕེལ་རྒྱས། ཞི་བདེ་སོགས་ཀྱི་ཐད་མཉམ་ལས་བྱེད་པའི་ཡིད་ཆེས་ཡོད་སྐོར་བརྗོད་ཡོད་འདུག ཡིན་ནའང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་སྲིད་འཛིན་གཞོན་པ་ལྕམ་མོ་གྷེ་རེ་ནེ་(Federica Mogherini)ལགས་ཀྱིས། ཇེ་རོ་སི་ལིམ་གྱི་བདག་དབང་ཐད་ཨི་ཛི་རལ་དང་པ་ལི་སི་ཐན་བར་རྩོད་རྙོག་ཡོད་པར་བརྟེན། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་མུ་མཐུད་གྲོང་ཁྱེར་དེ་ནི་རྒྱལ་ཁབ་གཉིས་ཀྱི་རྒྱལ་ས་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་བརྗོད་ཡོད་འདུག

གྲོང་ཁྱེར་ཇེ་རོ་སི་ལིམ་གྱི་བདག་དབང་ཐད་ད་ལྟའི་བར་དུ་ཨ་རི་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་གིས་པ་ལི་སི་ཐན་དང་ཨི་ཛི་རལ་བར་ཟིང་འཁྲུག་མི་ཡོང་བའི་ཆེད་དུ་གྲོང་ཁྱེར་གཅིག་གི་ནང་མངའ་སྡེ་གཉིས་ཞེས་པའི་ལངས་ཕྱོགས་བཟུང་སྟེ། མ་འོངས་པར་ཞི་མོལ་གྱི་ལམ་ནས་གྲོང་ཁྱེར་ཇེ་རོ་སི་ལིམ་རྒྱལ་ཁབ་གཉིས་བར་བགོ་བཤའ་བརྒྱབ་དགོས་པའི་གནས་སྟངས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༡༩༤༩ ལོར་ཨི་ཛི་རལ་གྱིས་ཇེ་རོ་སི་ལིམ་གྲོང་ཁྱེར་གྱི་ནུབ་ཕྱོགས་དང་ཕྱི་ལོ་ ༡༩༦༧ ལོར་ཤར་ཕྱོགས་བཅས་བདག་བཟུང་བྱས་ཏེ། ད་ལྟ་གྲོང་ཁྱེར་དེའི་ཕྱེད་ཀ་ཨི་ཛི་རལ་གྱིས་བཟུང་ཡོད་པ་མ་ཟད། ཨི་ཛི་རལ་གྱི་གྲོས་ཚོགས་དང་སྲིད་བློན་གྱི་སྡོད་གནས་སོགས་ཀྱང་ཇེ་རོ་སི་ལིམ་གྲོང་ཁྱེར་ནང་ཡོད་འདུག ཇེ་རོ་སི་ལིམ་ནི་པ་ལི་སི་ཐན་དང་ཨི་ཛི་རལ་གཉིས་ཀྱི་ས་མཚམས་སུ་ཡོད་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་ནང་འཛམ་གླིང་གི་ཆོས་ལུགས་ཁག་ཆེ་གྲས་ཇེའུ་ཆོས་ལུགས་ཀྱི་གནས་ཆེན་(Western Wall) ་དང་། ཁ་ཆེའི་ཆོས་ལུགས། དེ་བཞིན་ཡེ་ཤུའི་ཆོས་ལུགས་སོགས་ཀྱི་བསྟི་གནས་ཁང་མང་པོ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༡༢

Leave a Reply

2 thoughts on “ཇེ་རོ་སི་ལིམ་གྲོང་ཁྱེར་གྱི་བདག་དབང་རྩོད་རྙོག་ཛ་དྲག་ཏུ་གྱུར།

  1. འཛམ་བུ་གླིང་ནང་རྩོད་རྙོག་མང་ཤོས།ཧམ་པ་ཆེ་ཤོས་དེ་ཁ་ཆེ་བ་དེ་དག་རེད།ཨི་ཛཱི་རལ་ལི་མི་རིགས་དེར་དེའི་འདྲ་སྲ་མོ་ཞཱིག་མིན་ན་སྔ་སར་ནས་ཟོས་ཚར་ཡོག་རེད།

  2. སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་།། བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་།། བསྟན་འཛིན་བུ་སློབ་ཤིན་ཏུ་མཐུན་པ་ཡིས།། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །། ངས་ཅག་བོད་པ་ཚང་ ཆོ་གའི་གང་ལ་མ་ཕེབས་པར་་་ སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་ལ་ཕེབས་རོགས་གནང་། རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན།། ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར།། དེ་ཕྱིར་བྱམས་དང་སྙིང་རྗེ་དམག་དཔུང་གིས།། རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན།། ཆོས། ཆོས། ཟེར་ན་་་ རང་གི་སེམས་རྒྱུད་འདུལ་དགོས་པ་རེད། ནང་གི་སེམས་རྒྱུད་འདུལ་ན་ ཆོས་ཡིན་པ་རེད། སེམས་རྒྱུད་མ་འདུལ་ན་ ཆོས་མིན་པ་རེད། ངས་ཅག་བོད་པ་ཚང་ ཟབ་ཟབ་གནང་དགོས།