འབར་མས་རའོ་ཊར་གྱི་གསར་འགོད་པ་གཉིས་འཛིན་བཟུང་བྱས།

འབར་མ་གཞུང་གིས་ཁྲིམས་མཐུན་མིན་པའི་གནས་ཚུལ་བསྡུ་ལེན་བྱས་ཏེ་ཕྱི་རྒྱལ་གསར་ཁང་དུ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་རའོ་ཊར་གྱི་གསར་འགོད་པ་གཉིས་འཛིན་བཟུང་བྱས་ནས་བཀག་སྐྱིལ་འོག་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༢ ཉིན་གྱི་ཕྱི་དྲོར་འབར་མའི་རྒྱལ་ས་ནེ་པ་ཡི་ཌའོ་ (Naypyidaw)ནས་རའོ་ཊར་གྱི་གསར་འགོད་པ་ཝ་ལོན་ (Wa Lone) དང་། ཀའོ་སུའེ་ཨོ་ (Kyaw Soe Oo) ཟེར་བ་གཉིས་ཉེན་རྟོག་ཁང་དུ་འབོད་འགུག་གིས་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་སྟབས། རའོ་ཊར་གསར་ཁང་དང་ས་གནས་ཨ་རིའི་དོན་གཅོད་ཁང་ནས་གསར་འགོད་པ་དེ་གཉིས་འཕྲལ་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་བྱས་འདུག

གསར་འགོད་པ་དེ་གཉིས་འཛིན་བཟུང་བྱས་རྗེས། རའོ་ཊར་གསར་ཁང་གི་འགན་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པས་འབར་མ་གཞུང་ལ་གསར་འགོད་པ་དེ་གཉིས་གང་མགྱོགས་ཀློད་གྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། གསར་འགོད་པའི་རང་དབང་ལ་དོ་ཕོག་བཏང་བ་ནི་བློ་ཕམ་གྱི་གནས་ཤིག་ཡིན་པ་མ་ཟད། བཙོན་འོག་ཏུ་ཡོད་པའི་གསར་འགོད་པ་དེ་གཉིས་ཀྱིས་རྒྱལ་སྤྱིའི་དོ་སྣང་ཡོད་པའི་གནད་དོན་ཐད་ལས་ཀ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

འབར་མའི་ཕྱི་དྲིལ་བློན་ཆེན་ལས་ཁུངས་ཀྱི་ངོ་དེབ་ཐོག་གསར་འགོད་པ་གཉིས་འཛིན་བཟུང་བྱེད་དོན་སྐོར་བཀོད་པའི་ནང་། གསར་འགོད་པ་དེ་གཉིས་ཀྱིས་ཁྲིམས་མཐུན་མ་ཡིན་པའི་གནས་ཚུལ་ཁ་ཤས་བསྡུ་རུབ་བྱས་ཏེ། ཕྱི་རྒྱལ་གྱི་གསར་ཁང་ལ་མཁོ་སྤྲོད་བྱ་རྒྱུ་ཐབས་ཤེས་བྱས་པ་རེད། ཅེས་བརྗོད་ཡོད་པ་རེད།

ཁ་སང་འབར་མའི་གྲོང་ཁྱེར་ཡཱང་གོན་ (Yongon) དུ་ཡོད་པའི་ཨ་རིའི་དོན་གཅོད་ཁང་ནས་གནད་དོན་དེའི་ཐད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འབར་མ་གཞུང་གིས་ཁྲིམས་འགལ་གྱི་ཐོག་ནས་གསར་འགོད་པ་དེ་གཉིས་འཛིན་བཟུང་བྱས་པར་སེམས་ཚབས་ཆེན་པོ་ཡོད། དམངས་གཙོ་དོན་འཁྱོལ་ཡོང་བར་གསར་འགོད་པ་ཚོར་རང་དབང་གི་ཐོག་ནས་ལས་ཀ་བྱེད་དུ་འཇུག་དགོས་སྟབས། འབར་མ་གཞུང་ནས་གནད་དོན་དེར་གསལ་བཤད་དང་སྦྲགས་ཁོ་གཉིས་འཕྲལ་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

སི་ཨན་ཨན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པ་ཝ་ལོན་ཕྱི་ལོ་ ༢༠༡༦ ལོར་རའོ་ཊར་གསར་ཁང་དུ་འཛུལ་ཞུགས་བྱས་ཡོད་པ་དང་། ཁོས་འབར་མ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་བྱས་ཡོད་པ་མ་ཟད། རོ་ཧིན་གྷ་ཡའི་དྲག་གནོན་གྱི་དོན་རྐྱེན་ཐད་ཁོས་དམིགས་བསལ་གྱིས་དོ་སྣང་བྱས་ཏེ་གསར་འགྱུར་སྤེལ་བཞིན་ཡོད་འདུག གསར་འགོད་པ་ཀའོ་སུའོ་ཨོ་ནི་འདི་ལོའི་ཕྱི་ཟླ་༩ པར་རའོ་ཊར་གསར་ཁང་དུ་འཛུལ་ཞུགས་བྱས་ཏེ་འབར་མའི་ནང་གསར་འགྱུར་མཁོ་སྒྲུབ་བྱེད་བཞིན་ཡོད་འདུག

གསར་འགོད་པ་སྲུང་སྐྱོབ་ལྷན་ཚོགས་(Committee to Protect Journalists)ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོ་གཅིག་པུར་འབར་མ་གཞུང་གིས་གསར་འགོད་པ་དང་གསར་འགྱུར་ལས་སྒྲུབ་པ་ཉུང་མཐར་ ༡༡ འཛིན་བཟུང་བཀག་སྐྱིལ་བྱས་ཡོད་པ་མ་ཟད། ཡཱན་གྷོན་གྲོང་ཁྱེར་དུ་ཡོད་པའི་བདུན་རེའི་གསར་འགྱུར་དུས་དེབ་ཀྱི་རྩོམ་སྒྲིག་པ་ཝེ་ཡན་ཧིན་ (Wai Yan Heinn)ཟེར་བ་ཞིག་ལས་ཁུངས་ནང་ལྐོག་གསོད་བྱས་ཡོད་པ་དང་། ཁོའི་ལས་རོགས་ཀྱིས་བརྗོད་པ་ལྟར་ན། ཝེ་ཡན་ཧིན་གྱིས་དེ་སྔོན་འབར་མ་གཞུང་དང་དམག་དཔུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་གང་འཚམས་སྤེལ་ཡོད་སྐོར་བརྗོད་ཡོད་པ་རེད།འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནས་འབར་མ་སྲིད་གཞུང་གསར་པའི་སློབ་སྟོན་པ་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་མཚན་ཐོག་ཏུ་གསར་འགོད་རང་དབང་གི་ཞུ་ཡིག་ཅིག་བཏང་བའི་ནང་། ཕྱི་ལོ་ ༢༠༡༥ ལོའི་འབར་མ་རྒྱལ་ཡོངས་ཀྱི་འོས་བསྡུའི་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་ཀྱིས་དབུ་འཁྲིད་པའི་འབར་མའི་དམངས་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་རྗེས། ཡུལ་དེའི་ནང་ཡོད་པའི་གསར་འགོད་པ་ཚོས་འཇིགས་སྐྲག་མེད་པའི་ཐོག་ནས་གསར་འགྱུར་བསྡུ་ལེན་བྱེད་ཐུབ་པའི་རེ་བ་ཆེན་པོ་བཅངས་ཡོད་ཀྱང་། རོ་ཧིན་གྷ་ཡའི་དཀའ་རྙོག་བྱུང་རྗེས་གསར་འགོད་རང་དབང་ཐོག་སྔར་ལྷག་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྟབས། འབར་མ་གཞུང་ནས་ངེས་པར་དུ་རོ་ཧིན་གྷ་ཡའི་གནད་དོན་ཐད་གསར་འགོད་པ་ཚོར་བཅར་འདྲི་དང་དཔྱད་ཞིབ་བྱེད་པའི་རང་དབང་སྤྲོད་རོགས། ཞེས་འབོད་སྐུལ་བྱས་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་འདི་ལོའི་ཞིབ་འཇུག་ཐོ་གཞུང་ལྟར་ན། འདི་ལོར་ཉུང་མཐར་གསར་འགོད་པ་ ༥༢ དམར་གསོད་བཏང་བ་དང་། གསར་འགོད་པ་ ༡༧༨ འཛིན་བཟུང་བྱས་ཡོད་འདུག ཕྱི་ལོ་ ༢༠༡༦ ལོའི་སྙན་ཐོའི་ནང་འཛམ་གླིང་གི་རྒྱལ་ཁབ་ ༡༨༠ ཡི་ནང་ནས་གསར་འགོད་རང་དབང་གི་གནས་སྟངས་ཡག་ཤོས་ནོར་ཝེ་དང་སི་ཝེ་ཌན། ཧྥེན་ལན། ཌན་མག ནེ་ཌུར་ལན་ཌི་བཅས་ཡིན་པ་དང་། གསར་འགོད་རང་དབང་སྡུག་ཤོས་དང་ཛ་དྲག་ཆེ་ཤོས་བྱང་ཀོ་རི་ཡ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཨི་རི་ཊི་ཡ(Eritrea)། ཨེ་ཤ་ཡའི་ཊོར་ཀེ་མི་རི་སི་ཐན་(Turkmenistan)། སི་རི་ཡ། རྒྱ་ནག་བཅས་ཡིན་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༢/༡༥

Leave a Reply