དབྱིན་ལན་ཡུ་རོབ་མཉམ་འབྲེལ་ལས་ཕྱིར་ཐོན་པའི་མཐའ་མའི་ཐག་གཅོད་ལ་ཕམ་ཉེས་བྱུང་།

དབྱིན་ལན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་ཐོན་པའི་མཐའ་མའི་ཐག་གཅོད་ལ་གྲོས་ཚོགས་ནང་འོས་བླུགས་ཏེ་ཕམ་ཉེས་བྱུང་ཡོད་འདུག

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་དབྱིན་ཡུལ་གྲོས་ཚོགས་ནང་དུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་ནས་དབྱིན་ལན་ཕྱིར་ཐོན་པར་གལ་གནད་ཅན་དུ་གྱུར་བའི་གྲོས་འཆར་མཐའ་མ་ཞིག་ལ་འོས་བླུགས་སྐབས། གྲོས་ཚོགས་འཐུས་མི་ ༣༠༥ ཡིས་ཕྱིར་ཐོན་པར་རྒྱབ་སྐྱོར་དང་།  འཐུས་མི་༣༠༩ ཡིས་རྒྱབ་སྐྱོར་བྱས་མེད་སྟབས། སྲིད་བློན་ལྕམ་ཐི་རེ་སཱ་མེའི་གཞུང་འཛིན་སྲིད་དོན་ཚོགས་པར་ཕམ་ཉེས་བྱུང་ཡོད་པ་རེད།

ཐེངས་འདིའི་འོས་བསྡུ་དེ་ནི་དབྱིན་ལན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་པའིི་མཐའ་མའི་གྲོས་འཆར་ཞིག་ཡིན་པ་དང་། གྲོས་འཆར་དེའི་ནང་དོན་གཙོ་བོ་ནི། དབྱིན་ལན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་པའི་ཉིན་མོ་ནས་བཟུང་སྟེ། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁྲིམས་ལུགས་དབྱིན་ཡུལ་ནང་གཅིག་མཚུངས་སུ་ལག་བསྟར་བྱ་རྒྱུ་ཡིན་སྟབས། གྲོས་འཆར་དེ་ལ་གྲོས་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་འཐོབ་ཚེ། ལྕམ་ཐི་རེ་སཱ་མེ་ཡིས་དབྱིན་ལན་ཕྱིར་ཐོན་གྱི་བརྒྱུད་རིམ་ཚང་མ་ལེགས་འགྲུབ་འབྱུང་གི་ཡོད་ཀྱང་།  ལྕམ་ཐི་རེ་སཱ་མེ་ཡི་རྙིང་ཞེན་ཚོགས་པའི་འཐུས་མི་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཌོ་མེ་ནེ་ཁུ་གྷ་ཝི་(Dominic Grieve)ལགས་གཙོས་པའི་ཚོགས་མི་བརྒྱད་ཀྱིས་ནང་ཁུལ་ནས་ཕྱོགས་ཁག་བཟོས་ཏེ། ཁ་གཏད་སྲིད་དོན་ཚོགས་པ་དང་མཉམ་འབྲེལ་གྱིས་ལྕམ་ཐི་རེ་སཱ་མེ་ལགས་ལ་ཁ་གཏད་བཅགས་ཡོད་འདུག

འོས་བསྡུར་ཕམ་ཉེས་བྱུང་རྗེས། སྲིད་བློན་ཐི་རེ་སཱ་མེ་ལགས་ཕྱི་ཚེས་ ༡༤ དང་ ༡༥ ཉིན་སྦིར་ཛིལ་དུ་ཚོགས་པའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་མགོ་འཁྲིད་ལྷན་ཚོགས་ཐོག་ཞུགས་ཏེ། དབྱིན་ལན་ཕྱིར་ཐོན་པའི་ཐད་གྲོས་མོལ་བྱེད་ཀྱི་ཡོད་པ་དང་། ཁ་སང་གི་འོས་བསྡུའི་ཁྲོད་ལྕམ་ཐི་རེ་སཱ་མེ་གཞུང་འཛིན་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཚེ། གྲོས་འཆར་དེ་བརྒྱུད་དབྱིན་ཇིའི་གཞུང་གིས་མ་འོངས་པར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ལྷན་དུ་ཚོང་འབྲེལ་གྱི་གྲོས་མོལ་བྱ་ཆོག་པ་ཡོད་པ་དང་། དེ་བཞིན། ཕྱི་ལོ་༢༠༡༩ ལོའི་ཟླ་ ༣ པའི་ནང་དབྱིན་ལན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་རྒྱུ་གཏན་འཁེལ་ཐུབ་ཡོད་པ་རེད།

ཆབ་སྲིད་དཔྱད་བརྗོད་པ་ཚོས། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ཀྱིས་ལྕམ་ཐི་རེ་སཱ་མེ་ལགས་ཀྱི་སྲིད་གཞུང་བརྟན་པོ་མེད་པ་མཚོན་ཡོད་པ་མ་ཟད། དབྱིན་ལན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་གྱི་མཐའ་མའི་དབང་ཆ་དེ་གྲོས་ཚོགས་ལ་ཡོད་པ་བསྟན་ཡོད། དེ་བཞིན། གྲོས་ཚོགས་ནང་གཞུང་དང་ཁ་གཏད་ཀྱི་བསམ་ཚུལ་མང་པོ་ཞིག་ཡོང་བཞིན་ཡོད་པ་དེ་ནི། དབྱིན་གཞུང་གི་ཕྱིར་ཐོན་གྲོས་འཆར་ནང་ཚོང་འབྲེལ་གཙོས་པའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་སོགས་ཀྱི་ཐད་ནང་ཁུལ་འཆམ་གྱི་མེད་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཀྱི་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༡༤

Leave a Reply