ཡེ་ཤུའི་ལྷ་ཁང་ལ་གཏོར་རྒོལ་བཏང་།

པཱ་ཀི་སི་ཐན་གྱི་ཡེ་ཤུའི་ལྷ་ཁང་ཞིག་ཏུ་ཡེ་ཤུའི་འཁྲུང་སྐར་ལ་སྟ་གོན་གྱི་མཆོད་འབུལ་སྨོན་ལམ་ཚོགས་སྐབས་ཁ་ཆེའི་འཇིགས་སྐུལ་བས་གཏོར་རྒོལ་བཏང་སྟེ་མི་༩ དམར་གསོད་དང་མི་གྲངས་༥༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག
 

ཝ་ཤིང་ཊོན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སྔ་དྲོར་པཱ་ཀི་སི་ཐན་རྒྱལ་ཁབ་ཀྱི་བཱ་ལུ་ཁེ་སི་ཐན་ (Baluchistan) མངའ་སྡེའི་ཀུ་འུཏ་ཊ་གྲོང་ཁྱེར་ (Quetta) གྱི་ཡེ་ཤུའི་ལྷ་ཁང་ (Bethel Memorial Methodist) ཞེས་པ་ཚོགས་ཁང་ནང་། ཡེ་ཤུའི་རྗེས་འཇུག་པ་ ༤༠༠ ཙམ་འདུ་འཛོམས་ཀྱིས་ཡེ་ཤུའི་འཁྲུང་སྐར་དུས་ཆེན་ (Christmas) གོུ་སྟ་གོན་མཆོད་འབུལ་སྨོན་ལམ་འཚོགས་བཞིན་པའི་སྐབས། གློ་བུར་དུ་ལུས་ལ་འབར་རྫས་བཏགས་པའི་མི་གཉིས་བསླེབས་ཏེ། མི་གཅིག་གིས་ཚོགས་ཁང་སྒོ་ཁ་ནས་འབར་རྫས་གཡུགས་ཏེ། མི་ ༩ བསད་པ་དང་། མི་ ༥༠ ལ་རྨས་སྐྱོན་བཟོས་ཡོད་པ་དང་། མི་གཞན་དེ་ཚོགས་ཁང་ནང་འཛུལ་ཐབས་བྱེད་སྐབས་བདེ་སྲུང་ཉེན་རྟོག་པས་མེ་མདས་བརྒྱབས་ཏེ་བསད་པ་དང་། ད་དུང་དོགས་གཞི་ཅན་གྱི་མི་གཉིས་བྲོས་ཕྱིན་ཡོད་པས་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་འདུག

པཱ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལ་མ་བྷཌ་ (Islamabad) ལ་ཡོད་པའི་སྤྱི་ཚོགས་ལས་འགུལ་བ་དང་ཆབ་སྲིད་པ་ཤ་མ་འུན་ཨལ་ཕེ་རཏ་གྷིལ་ (Shamaun Alfred Gill) གྱིས། གཏོར་རྒོལ་དེས་གཞུང་ཕྱོགས་བདེ་འཇགས་སྲུང་སྐྱོབ་པས་མི་མང་དཀྱུས་མ་དང་། ཡང་སྒོས་གྲངས་ཉུང་མི་རིགས་ལ་སྲུང་སྐྱོབ་ཐུབ་ཀྱི་མེད་པ་གསལ་པོར་སྟོན་གྱི་ཡོད་པ་རེད། ཕྱི་ཟླ་༡༢ ནི་ཡེ་ཤུའི་ཆོས་ལུགས་རྗེས་འབྲང་བའི་མཆོད་འབུལ་སྨོན་ལམ་བྱེད་པའི་ཟླ་བ་ཞིག་ཆགས་ཀྱི་ཡོད་སྟབས། ང་ཚོས་རྒྱལ་ཁབ་ཀྱི་ཕྱོགས་གང་སར་ཡོད་པའི་ཡེ་ཤུའི་ལྷ་ཁང་རྣམས་ཀྱི་བདེ་འཇགས་ཆེད་དམིགས་བསལ་སྲུང་དམག་འཇོག་དགོས་པའི་རེ་འདུན་བཏོན་པ་ཡིན། འོན་ཀྱང་། གཞུང་གིས་ང་ཚོའི་རེ་འདུན་ལ་སྣང་མེད་བྱས་སོང་། པཱ་ཀི་སི་ཐན་གྱི་འཇིགས་སྐུལ་ཚོགས་པ་དག་རྩ་མེད་བཟོས་ཟིན་པའི་སྐོར་ཡང་ཡང་རྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ང་ཚོའི་རྒྱལ་ཁབ་ནང་སྔར་བཞིན་འཇིགས་སྐུལ་ཚོགས་པ་བརྟན་པོར་གནས་ཡོད་པ་དང་། དོན་མེད་མི་མང་དཀྱུས་མ་རྣམས་ཚེ་སྲོག་ཤོར་བཞིན་འདུག ཅེས་བརྗོད་ཡོད་པ་རེད།

གཏོར་རྒོལ་དོན་རྐྱེན་བྱུང་རྗེས། ཨབ་གྷི་ནི་སི་ཏན་ (Afghanistan) རྒྱལ་ཁབ་ཀྱི་མངའ་སྡེ་ཀཱོ་ར་སན་ (Khorasan) དུ་ཡོད་པའི་(ISIS)ཁ་ཆེ་འཇིགས་སྐུལ་ཚོགས་པས་གཏོར་རྒོལ་དེ་ང་ཚོས་བྱས་པ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་པ་དང་། ཨབ་གྷན་འཇིགས་སྐུལ་ཚོགས་པས་ཕྱི་ལོ་ ༢༠༡༦ ལོའི་ཟླ་༨ པའི་ནང་ཀུ་འུཏ་ཊ་གྲོང་ཁྱེར་གྱི་ཁྲིམས་ཁང་དུ་གཏོར་རྒོལ་བཏང་སྟེ། ཁྲིམས་རྩོད་པ་ཁྱོན་༦༠ ཙམ་དམར་གསོད་བཏང་སྟེ་པཱ་ཀི་སི་ཐན་གྱི་རྒྱལ་ཁྲིམས་ལ་གྱོང་གུད་ཆེན་པོ་བཟོས་ཡོད་པ་རེད།

པཱ་ཀི་སི་ཐན་རྒྱལ་ཁབ་ཀྱི་མི་འབོར་བརྒྱ་ཆ་གཉིས་ཙམ་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་སུ་འབྲང་གི་ཡོད་པ་དང་། ཉེ་ལམ་པཱ་ཀི་སི་ཐན་གཞུང་གིས་ཡུལ་དེའི་ནང་གི་འཇིགས་སྐུལ་རིང་ལུགས་པ་ཚོར་ཁ་གཏད་བཅགས་ཏེ་རྩ་མེད་བཟོས་ཡོད་ལུགས་བསྒྲགས་ཡོད་ཀྱང་། ཁ་སང་གི་གཏོར་རྒོལ་དེས་སླར་ཡང་པཱ་ཀི་སི་ཐན་གཞུང་གི་སྐད་ཆ་ལ་དོགས་གཞི་ཆེན་པོ་བསླངས་ཡོད་པ་རེད། འདས་པའི་ལོ་ངོ་ཁ་ཤས་ནང་པཱ་ཀི་སི་ཐན་གྱི་ཡེ་ཤུ་བ་ཚོར་ཁ་ཆེའི་འཇིགས་སྐུལ་ཚོགས་པས་དྲག་རྒོལ་ཐེངས་འགའ་བྱས་ཡོད་པ་དང་། ད་ལྟའི་བར་དུ་དྲག་རྒོལ་ཚབས་ཆེ་ཤོས་ནི་ ༢༠༡༣ ལོའི་ཕྱི་ཟླ་༩ པའི་ནང་འབར་རྫས་གཡུགས་ཏེ་མི་གྲངས་༨༥ ཡི་ཚེ་སྲོག་ཤོར་བ་དེ་ཡིན་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༢/༡༨

Leave a Reply

One thought on “ཡེ་ཤུའི་ལྷ་ཁང་ལ་གཏོར་རྒོལ་བཏང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    རང་གཞན་གཉིས་ཕུང་བྱ་བ་སྙིང་རྗེའི་ཡུལ་།
    ཀླ་ཀློའི་བྱ་སྤྱོད་ཆོས་མཐུན་སློབ་གསོའི་ཕུང་།
    གང་ན་ཞི་བདེ་དེ་རུ་འཚེ་ལས་མང་།
    ལས་ངན་རྣམ་སྨིན་རང་ལ་འཁོར་།
    ཤིན་རྗེའི་ཁྲིམས་ནས་མཐར་དུས་དཀའ་།
    ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་་་་་ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་་་་་་་་་་་་་་་