རྫོང་ཁག་ ༢༩ ལ་འཛུཊ་སྐྲུན་བྱ་རྒྱུ་ཡིན་ཟེར།

བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་ ༢༡ ནང་འཛུགས་སྐྲུན་དང་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁག་ ༨ གྲོང་ཁྱེར་ཅན་དུ་བསྒྱུར་འཆར་ཡོད་འདུག

དེ་རིང་བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། མ་འོངས་ལོ་ ༣ ནང་ཚུན་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་ཁག་ ༢༡ གི་གྲོང་ཚོ་ ༦༢༨ ནང་འཛུགས་སྐྲུན་གསར་པ་བྱས་ཏེ་འཚོ་བའི་དཀའ་ངལ་མེད་པ་བཟོ་རྒྱུ་དང་། མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་སོགས་ཚང་མ་བོད་ལྗོངས་ཀྱི་ཆ་སྙོམ་ཆུ་ཚད་ལས་བརྒལ་བ་བྱ་རྒྱུ་ཡིན་ལ། འཛུགས་སྐྲུན་ཆེད་སྔ་གཞུག་ཏུ་རྒྱ་སྒོར་དུང་ཕྱུར་ ༤༠༠ ལྷག་གཞུང་ནས་སྤྲད་སྐོར་བརྗོད་ཡོད་པ་རེད།

ཡང་གནས་ཚུལ་དེའི་ནང་། ཁྱིམ་ཚང་ ༩ དང་ཡུལ་མི་  ༣༢ ལས་མེད་པའི་ལྷུན་རྩེ་རྫོང་ཡུལ་སྨད་གྲོང་ཚོའི་ནང་གློག་དང་ཨར་འདམ་གཞུང་ལམ་སོགས་ཀྱི་འཛུགས་སྐྲུན་ལས་གཞི་འགྲུབ་གྲབས་ཡོད་སྟབས། མི་འགྱངས་བར་བོད་མཐའ་མཚམས་ཀྱི་གྲོང་ཚོ་དེ་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་གྲོང་ཚོ་ཞིག་ཏུ་བསྒྱུར་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་འགྱུར་རྒྱུ་ཡིན་སྐོར་བསྒྲགས་འདུག

གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་རྫོང་ཁག་བརྒྱད་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་བའི་དཔྱད་གླེང་ཚོགས་འདུ་ཟེར་བ་ཞིག་པེ་ཅིན་དུ་འཚོགས་བཞིན་ཡོད་པ་དང་། རྫོང་ཁག་ ༨ ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་། མིན་ཡོན་ཧུའུ་རིགས་རང་སྐྱོང་རྫོང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་། མཚོ་ཤར་གྲོང་ཁྱེར་མིན་ཧི་ཧུའུ་རིགས་སོག་རིགས་རང་སྐྱོང་རྫོང་། ཧུའུ་ཀྲུའུ་སོག་རིགས་རང་སྐྱོང་རྫོང་བཅས་ཡིན་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༢/༡༨

Leave a Reply