རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཚོགས།

རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཚོགས་ཆེན་ཚོགས་ཏེ་ནང་པའི་རྒྱལ་ཁབ་ཁག་བདུན་ཙམ་མཉམ་ཞུགས་གནང་ཡོད་པ་རེད།
དེ་རིང་སེ་ར་ཐེག་ཆེན་གླིང་དུ་ཉིན་གྲངས་གསུམ་རིང་ཚོགས་པའི་རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཚོགས་ཆེན་ལེགས་པར་མཇུག་བསྡུས་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ནང་ནང་པའི་རྒྱལ་ཁབ་རྒྱ་གར་དང་། ཤྲི་རི་ལངྒ།  ཝི་ཏི་ནམ། ཐེ་ལན་ཌི། བྷ་ལ་ཌི་ཤི།  ཐའེ་ཝན། བོད་བཅས་རྒྱལ་ཁབ་མི་འདྲ་བ་བདུན་ནས་མཁན་པོ་དང་མཁན་ཚབ། མཁས་དབང་བཅས་ཕེབས་ཡོད་པ་དང་། དེ་བཞིན་གདན་ས་སེ་འབྲས་དགེ་གསུམ་དང་། ར་སྟོད་བཀྲིས་ལྷུན་པོ། སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་སོགས་ནས་ཚོགས་བཅར་དགེ་འདུན་པ་ ༤༠༠ ལ་ཉེེེ་བ་མཉམ་ཞུགས་གནང་སྟེ། ཐམས་ཅད་ཡོད་པར་སྨྲ་བའིི་སྡེ་བ་དང་། གནས་བརྟན་སྡེ་བ། ཆོས་སྲུང་སྡེ་བ་བཅས་སྡེ་བ་གསུམ་བར་རབ་བྱུང་གི་གཞི་དང་། ཕམ་པ་བཞི། མ་ངེས་པ་གཉིས་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེེད།

སེར་བྱེས་མཁས་སྙན་ཚང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དགེ་བཤེས་ཉི་མ་བཀྲིས་ལགས་སུ། བགྲོ་གླེང་གོ་སྒྲིག་གི་དགོས་དམིགས་སྐོར་བཅར་འདྲི་ཞུས་པར་ཁོང་གིས། བགྲོ་གླེང་གོ་སྒྲིག་གནང་དགོས་དོན་གཙོ་བོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཚོགས་བཞིན་ཡོད་པ་མ་ཟད། ལྷག་པར་དུ་སྐབས་སྔོན་མའི་བགྲོ་གླེང་ཚོགས་ཆེན་གཉིས་ཀྱི་ཐོག ཚོགས་བཅར་བ་ཚོས་བགྲོ་གླེང་འདི་མུ་མཐུད་ཚོགས་ཐུབ་ན་དགོས་པ་རྒྱུ་མཚན་ཡོད་པའི་དགོངས་འཆར་བྱུང་བ་གཞིར་བཟུང་ཚོགས་ཡོད་སྐོར་བརྗོད་བྱུང་།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༡༢/༡༩

Leave a Reply