བཙན་བྱོལ་བོད་མིའི་གཡག་གཅིག་ལ་ཧིན་སྒོར་ཁྲི་ ༤ ནས་ ༥ ཙམ་རེད་འདུག

ལ་དྭགས་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་དུ་གནས་སྡོད་བྱས་ཡོད་པའི་བཙན་བྱོལ་བོད་མིའི་འབྲོག་ཁྱིམ་ ༤༢༡ ལ་རྟ་ནོར་ ༣༤༦༩ དང་ར་ལུག་ ༥༨༧༨༦ འདུགརྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བྱས་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་བ་གླང་འགའ་རེ་གསོ་ཉར་བྱས་ཏེ་ས་མ་འབྲོག་གི་འཚོ་བ་སྐྱེལ་མཁན་ཧ་ཅང་མང་པོ་ཡོད་པ་དང་། དེ་བཞིན་ཕྱུགས་རིགས་ཁོ་ནར་རྟེན་པའི་འབྲོག་པའང་གང་འཚམ་མང་པོ་ཡོད་ཀྱང་ཕྱི་ནང་གི་རྐྱེན་སྣ་ཚོགས་ཀྱིས་རིམ་བཞིན་ཇེ་ཉུང་དུ་འགྲོ་ཡི་ཡོད་པའི་གནས་ཚུལ་འཐོན་བཞིན་ཡོད་སྟབས། འདི་གའི་གསར་འགོད་པས་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་འབྲས་ལྗོངས། བལ་ཡུལ་བོད་ཀྱི་ས་མཚམས་སོགས་སུ་ཡོད་པའི་འབྲོག་པ་མང་ཚོགས་ཀྱི་གནས་སྟངས་དང་། རྟ་ནོར་ལུག་གསུམ་གྱི་གྲངས་འབོར་སོགས་ལ་རྒྱུས་ལོན་བྱས་ཡོད། འོན་ཀྱང་། བོད་བལ་ས་མཚམས་སུ་འབྲེལ་ལམ་སྟབས་བདེ་མིན་པ་སོགས་ཀྱིས་བལ་ཡུལ་ནང་བོད་རིགས་འབྲོག་པ་མང་པོ་ཡོད་པའི་གནས་ཚུལ་ཙམ་ལས་སེམས་ཅན་གྱི་གྲངས་འབོར་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག

དེ་ཡང་ལ་དྭགས་ས་གནས་མགོ་འཛིན་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་ན། ད་ལྟའི་ཆར་ལ་དྭགས་སླེ་ཁུལ་དུ་བོད་རིགས་འབྲོག་པའི་ཁྱིམ་ཚང་ ༡༢ དང་། བྱང་ཐང་ཁུལ་དུ་འབྲོག་པའི་ས་ཁུལ་མི་འདྲ་བ་ ༩ སྟེ། ཉི་མ་དང་ཆུ་མུར། སུམ་མདོ། མ་ཁྱུ། བཀག་གཞུང་། ཝ་ལི། སྒོ་ཡུལ། ཆུ་ཤུལ། ས་སྨད་བཅས་སུ་ཁྱོན་འབྲོག་པའི་ཁྱིམ་ཚང་ ༣༨༩ ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་བར་གྱི་ལ་དྭགས་བྱང་ཐང་ཁུལ་གྱི་མི་འབོར་ཞིབ་བཤེར་གྱི་གྲངས་ཐོ་ལྟར་ན། བྱང་ཐང་ཁུལ་དུ་འབྲོག་པའི་མི་འབོར་ཁྱོན་༢༡༣༣ ཡོད་པ་དང་། རྟ་ཉུང་ཤས་ཤིག་བཅས་ཁྱོན་བསྡོམས་རྟ་ནོར་ ༡༨༦༩ དང་། ར་ལུག་ ༥༨༦༨༦ ཡོད་འདུག

ཉེ་བའི་ལོ་མང་རིང་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་འབྲོག་པ་རྣམས་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ཚ་རླབས་འཕྱུར་བཞིན་ཡོད་པ་ལྟར།  ལ་དྭགས་བྱང་ཐང་ཁུལ་གྱི་འབྲོག་པ་ཚོས་ཀྱང་སྒོ་ཕྱུགས་བཙོང་སྟེ་རྒྱལ་ས་སླེ་རུ་གནས་སྤོ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་ཚེ་བརྟན་དབང་ཕྱུག་ལགས་ཀྱིས། འབྲོག་པས་སེམས་ཅན་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་དང་། ར་ལུག་གཡག་གསུམ་ནི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་རྒྱབ་བརྟེན་དངོས་དེ་ཆགས་ཡོད་ཀྱང་། འབྲོག་པས་སེམས་ཅན་གྱི་བལ་རྩིད་ཁུལ་གསུམ་བཙོང་སྟེ། སོ་སོའི་བུ་ཕྲུག་ས་ཐག་རིང་ལ་སློབ་གྲྭར་གཏོང་བས་མཚོན་པའི་ཟས་རིགས་སོགས་ཁྱིམ་ཚང་ཞིག་གི་འགྲོ་གྲོན་ཆ་ཚང་སྤུ་ཚོང་ལས་ཐོན་དགོས་ཀྱི་ཡོད་པས་དཔལ་འབྱོར་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། ད་ལྟའི་ཆར་ལོ་རེ་བཞིན་འབྲོག་པའི་ཁྱིམ་ཚང་རྒྱལ་ས་རུ་གནས་སྤོ་མཁན་ཇེ་མང་དུ་འགྲོ་ཡི་ཡོད་པ་དང་། གནམ་གཤིས་སོགས་ཀྱིས་ལ་དྭགས་ནང་སོ་ནམ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཉུང་ཉུང་ཡིན་སྐོར་བརྗོད་བྱུང་།

འབྲོག་པའི་འཚོ་གནས་དང་གནམ་གཤིས་འགྱུར་ལྡོག་གཉིས་དམ་དུ་འབྲེལ་ཡོད་སྐོར་ཁོང་གིས། ལོ་རེའི་གནམ་གཤིས་འགྱུར་ལྡོག་མི་འདྲ་སྟབས། སྐབས་རེར་དགུན་ཁ་གངས་མ་བབས་ནས་དབྱར་ཁ་ཆུ་དཀོན་པོར་གྱུར་བར་བརྟེན། འབྲོག་པའི་སེམས་ཅན་ལ་ཆུ་དང་གཟན་རྩྭ་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ཡང་མཚམས་རེར་དགུན་དུས་སུ་གངས་མང་དྲགས་པ་བརྒྱབས་ཏེ་སེམས་ཅན་མང་པོ་ཤི་འགྲོ་ཡི་ཡོད་པའི་གནས་སྟངས་འབྱུང་གི་ཡོད་སྟབས། འབྲོག་པའི་འཚོ་བའི་གནས་སྟངས་དེ་བརྟན་པོ་མེད་པ་གསལ་པོ་ཡིན་ལ། གཟན་རྩས་འདང་གི་མེད་པའི་དཀའ་ངལ་དེ་སྔོན་མ་ནས་འཕྲད་ཀྱི་ཡོད་ཀྱང་། ལ་དྭགས་སྐད་དུ་ལོ་ལོབ་སོང་ཟེར་དུས་ལོ་དེར་གནམ་གཤིས་གནས་སྟངས་ཡག་པོ་བྱུང་སྟེ། དབྱར་ཁའི་སྐབས་འབྲོག་པ་ལ་སེམས་ཅན་ནས་དཀར་ཟས་ཞོ་དང་འོ་མ། ཆུ་ར། ད་ར། མར་སོགས་མང་པོ་རག་གི་ཡོད། གལ་སྲིད་ལོ་མ་ལོབ་ཚེ། ལོ་དེར་སེམས་ཅན་མང་པོའི་ཚེ་སྲོག་ཤོར་འགྲོ་ཡི་ཡོད་པ་དང་། འབྲོག་པའི་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་མེད་པའི་ཁར་སེམས་ཅན་མང་པོ་ཤི་སོང་བ་ཡིན་ན། འཕྲལ་དུ་སེམས་ཅན་ཉོ་སྒྲུབ་བྱེད་པར་དཔལ་འབྱོར་འདང་ངེས་མེད་སྟབས། འབྲོག་པའི་སེམས་ཅན་གྱི་གྲངས་འབོར་ཡང་རིམ་བཞིན་ཇེ་ཉུང་དུ་འགྲོ་མུས་ཡིན་སྐོར་བརྗོད་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབྲོག་པ་མང་ཚོགས་ལ་མཐུན་སྦྱོར་རོགས་རམ་ག་འདྲ་གནང་གི་ཡོད་དྲིས་པར། བོད་མིའི་སྒྲིག་འཛུགས་ངོས་ནས་ནང་སྲིད་ལས་ཁུངས་བརྒྱུད་འབྲོག་པའི་སེམས་ཅན་གྱི་དཀའ་ངལ་སེལ་ཐབས་སུ་ས་ཆ་དང་གཟན་རྩྭ་ཉོ་སྒྲུབ་ཆེད། ཕྱི་ལོ་ ༢༠༡༦ ནས་མགོ་བཙུགས་ཏེ་ལོ་གཉིས་དང་ཕྱེད་ཀའི་རིང་ལ་དྭགས་བོད་རིགས་མི་མང་ལ་ཧིན་སྒོར་འབུམ་ ༥༠ གཡར་ཡོད་པ་དང་། དངུལ་དེ་གྲོང་ཚོ་སོ་སོའི་མགོ་དཔོན་བརྒྱུད་དེ་འབྲོག་པའི་ཁྱིམ་ཚང་ཁག་གི་སེམས་ཅན་གྱི་གྲངས་འབོར་གཞིར་བཞག་ཐོག་གཡར་གྱི་ཡོད་པ་དང་། དངུལ་དེས་འབྲོག་པ་ཚོར་གཟན་རྩྭ་ཉོ་བར་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད་ལ། ནང་སྲིད་ལས་ཁུངས་ནས་འབྲོག་པའི་འཚོ་གནས་ཡར་རྒྱས་གཏོང་ཆེད་དེ་སྔ་ནས་རོགས་རམ་རྒྱ་མི་ཆུང་བ་ཞིག་གནང་གི་ཡོད་པ་རེད། རྩ་བའི་ལ་དྭགས་ནི་ས་ཆ་ཁུག་ཀྱོག་ཡིན་པ་གང་ཞིག་ལ་ས་མཚམས་སུ་འཁེལ་ཡོད་སྟབས། མ་འོངས་པར་འབྲོག་པ་མང་ཚོགས་ཀྱི་འཚོ་གནས་ཡར་རྒྱས་གཏོང་བར་དུས་ཡུན་གང་འཚམ་ཞིག་དགོས་ངེས་ཡིན་པ་མ་ཟད།  ཕྱོགས་གཞན་ཞིག་ནས་ང་ཚོས་གཞན་དབང་སྟབས་བསྟུན་འོག་ནས་འཚོ་གནས་ཡར་རྒྱས་གཏོང་དགོས་དུས་དཀའ་ངལ་འཕྲད་ཀྱི་ཡོད་ལ། བྱང་ཐང་འབྲོག་པ་མང་ཚོགས་རྩྭ་སར་བརྟེན་ནས་འཚོ་དགོས་པ་དང་། རྩྭ་སའི་བདག་པོ་རྒྱ་གར་ཡུལ་མི་ཡིན་སྟབས། ད་བར་ང་ཚོས་གཞན་དབང་སྟབས་བསྟུན་མཁས་པོ་བྱས་ཏེ་འཚོ་བ་སྐྱེལ་ནས་ཡོང་བ་ཡིན། ཞེས་བརྗོད་བྱུང་།

རྒྱ་གར་གཞུང་གི་ངོས་ནས་བྱང་ཐང་ཁུལ་གྱི་འབྲོག་པ་མང་ཚོགས་ལ་རོགས་སྐྱོར་གནང་གི་ཡོད་མེད་དྲིས་པར་ཁོང་གིས། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་བྱང་ཐང་ཁུལ་གྱི་བོད་པའི་འབྲོག་པ་དང་ཡུལ་མི་གཉིས་ཀྱི་འཚོ་གནས་ཡར་རྒྱས་དང་། འབྲོག་མི་རྣམས་ཀྱིས་རྒྱལ་ས་ཁག་ཏུ་གནས་སྤོ་མ་བྱས་པར་མུ་མཐུད་ས་མཚམས་སྲུང་སྐྱོབ་ཐུབ་པའི་ཆེད་དུ་ཧིན་སྒོར་ས་ཡ་ ༦༤༠ ཡི་རོགས་དངུལ་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཀྱང་། ད་ལྟའི་བར་དངུལ་དེ་ལག་ཐོག་ཏུ་འབྱོར་མེད་སྟབས། ང་ཚོའི་བོད་མིའི་སྒྲིག་འཛུགས་གཙོས་པའི་ལ་དྭགས་བོད་མི་དང་ས་གནས་ཡུལ་མི་ཚང་མས་རོགས་དངུལ་དེ་འཐོབ་ཆེད། མངའ་སྡེ་བློན་ཆེན་གཙོས་པའི་ས་གནས་འབྲེལ་ཡོད་ལས་ཁུངས་དང་རྒྱ་གར་དབུས་འབྲེལ་ཡོད་ལྷན་ཁང་ཁག་ལ་འབྲེལ་བ་ཞུ་བཞིན་ཡོད། གལ་སྲིད་དངུལ་དེ་ས་གནས་ས་ཐོག་ཏུ་འབྱོར་ཚེ། བྱང་ཐང་སྤྱིའི་འཚོ་གནས་ཡར་རྒྱས་ལ་ཕན་ཐོགས་འབྱུང་གི་ཡོད།   དེ་མིན་ང་ཚོ་ས་མཚམས་སུ་འཁེལ་ཡོད་སྟབས་འཚོ་བའི་གནས་བབ་ཀྱི་དཀའ་ངལ་དེ་མུ་མཐུད་འཕྲད་ཀྱི་ཡོད། ཅེས་ཟེར།

གསར་འགོད་པས་ལ་དྭགས་བོད་རིགས་འབྲོག་པ་མང་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་དེ་ག་རེ་ཡིན་དྲིས་པར།  འབྲོག་པའི་འཚོ་གནས་ཀྱི་དཀའ་ངལ་ཆེ་ཤོས་ནི་གནས་སྤོ་བྱ་རྒྱུ་དེ་ཡིན། རྒྱུ་མཚན་ནི།  ལ་དྭགས་ཀྱི་ས་ཆ་ཁག་ཅིག་ལ་རྩྭ་ཡོད་ཀྱང་འཐུང་ཆུ་མེད་པའི་དཀའ་ངལ་ཡོད་པ་དང་།  ཡང་ཁག་ཅིག་ལ་དབྱར་ཁ་ཆུ་ཡོད་ཀྱང་རྩྭ་མེད་པའི་དཀའ་ངལ་སོགས་འཕྲད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་འབྲོག་པའི་རྩྭ་ས་ཧ་ཅང་ཆུང་ཆུང་ཡིན་པས་དགུན་དུས་སུ་རྩྭ་ཡིས་འདང་གི་མེད་སྟབས། ས་ཁུལ་ཁག་ཅིག་གིས་ད་ལྟ་ནས་གཟན་རྩྭ་ཉོ་མགོ་བརྩམས་ཡོད། དེ་སྔོན་རྒྱ་གར་གཞུང་གིས་ས་གནས་ཡུལ་མི་དང་བོད་རིགས་འབྲོག་པ་ཚོར་གཟན་རྩྭ་རྩྭ་རས་གཉིས་གསུམ་རེ་རིན་མེད་ཐོག་གནང་གི་ཡོད་ཀྱང་། འཆར་གཞི་དེ་ནི་ལོ་ལྔའི་ནང་ཚུད་ཡིན་སྟབས་ད་ལྟ་མཚམས་འཇོག་བྱས་ཟིན་པ་རེད། སྤྱིར་བཏང་ང་རང་ཚོའི་མི་ལ་ཚང་མ་རིན་མེད་ཐོག་སྤྲོད་དགོས་རྒྱུ་དེ་གོམས་གཤིས་ཡག་པོ་ཞིག་མིན་ཡང་། ལ་དྭགས་ཁུལ་གྱི་འབྲོག་པ་མང་ཚོགས་ལ་ཡོང་འབབ་ཡག་པོ་མེད་དུས་ཁོ་ཚོའི་གནས་སྟངས་དེ་རང་བཞིན་གྱིས་དཀའ་ངལ་ཞིག་ཆགས་བསྡད་ཡོད། ཅེས་བརྗོད་བྱུང་།

གཞན་ཡང་། རྒྱ་གར་བྱང་ཤར་སྒང་ཏོག་ས་གནས་མགོ་འཛིན་བསྟན་འཛིན་ཚེ་འཕགས་ལགས་ཀྱིས་འབྲས་ལྗོངས་ཁུལ་གྱི་བོད་རིགས་འབྲོག་པའི་གནས་སྟངས་ངོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བཙན་བཟུང་བྱེད་སྐབས། བོད་ཀྱི་ས་མཚམས་ཁག་གི་ཡུལ་མི་ཚོས་སོ་སོའི་སྒོ་ཟོག་སེམས་ཅན་དེད་དེ་འབྲས་ལྗོངས་ནང་བསླེབས་ཡོད་པ་དང་། འབྲས་ལྗོངས་སུ་ལ་བྱང་ཤར་གཉིས་ཡོད་པའི་ནང་ནས་ལ་ཤར་དུ་ས་གནས་ཁག་ ༣ དང་ལ་བྱང་དུ་ས་གནས་གཙོ་གྲས་ ༢ བཅས་སུ་ཁྱོན་བོད་རིགས་འབྲོག་པའི་ཁྱིམ་ཚང་ ༡༠༠ ཡས་མས་ཤིག་ཡོད་རབས་བཤད་སྲོལ་ཡོད་ཀྱང་། ཕྱུགས་ཟོག་སེམས་ཅན་ལ་རྩྭ་སའི་དཀའ་ངལ་འཕྲད་པ་དང་། མི་རབས་རྒན་པ་རྫོགས་ཏེ་གཞོན་པ་གྲོང་ཁྱེར་དུ་ཕྱིན་པའི་འགྱུར་འགྲོས་ཁྲོད། འབྲས་ལྗོངས་ལ་བྱང་ཤར་ཁུལ་གྱི་འབྲོག་པ་དང་སྒོ་ཕྱུགས་ཀྱི་གྲངས་འབོར་ཡང་ཇེ་ཉུང་དུ་འགྲོ་བཞིན་འདུག

ད་སྐབས་འབྲས་ལྗོངས་ལ་བྱང་ལ་འབྲོང་འགུག་དང་ལྷོ་ནག་ཅེས་པའི་ས་གནས་ཁག་གཉིས་ཡོད་པ་དང་། སྔོན་ཆད་ལྷོ་ནག་ལ་ཁྱོན་འབྲོག་ཁྱིམ་བརྒྱ་ཙམ་ཡོད་པའི་ནང་བོད་རིགས་ཁྱིམ་ཚང་ ༣༠ ལྷག་ཡོད་ཀྱང་། ད་ལྟ་ཁྱིམ་ཚང་ ༨ ལས་མེད་པ་དང་། ཁྱིམ་ཚང་དེ་དག་ལ་འབྲི་གཡག་ ༤༠༠ ནས་ ༥༠༠ བར་ཡོད་འདུག དེ་བཞིན་འབྲོང་འགུག་ལ་བོད་རིགས་འབྲོག་ཁྱིམ་ ༡༢ དང་འབྲི་གཡག་ ༡༠༠༠ ལྷག་ཡོད་པ་དང་།  ར་ལུག་ཅན་གྱི་ཁྱིམ་ཚང་གཅིག་ཡོད་པ་དེར་ར་ལུག་ ༡༠༠ ལྷག་ཡོད་འདུག

ལ་ཤར་དུ་ཀུ་བྷོག་དང་ནག་ཐང་། མལ་སི་བཅོ་ལྔ་བཅས་ས་གནས་ཁག་གསུམ་གྱི་ནང་བོད་རིགས་འབྲོག་ཁྱིམ་ ༡༢ དང་འབྲི་གཡག་སེམས་ཅན་ ༢༠༠ ཡས་མས་ཤིག་ཡོད་འདུག ས་གནས་མགོ་འཛིན་བསྟན་འཛིན་ཚེ་འཕགས་ལགས་ཀྱིས་གསར་འགོད་པར། རྩ་བའི་སེམས་ཅན་གྱི་གྲངས་འབོར་དང་འབྲོག་པའི་གྲངས་འབོར་ཇེ་ཉུང་དུ་འགྲོ་ཡི་ཡོད་ཀྱང་།  འབྲོག་པའི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོ་མིན་ལ།  གལ་སྲིད་ཁྱིམ་ཚང་གཅིག་ལ་གཡག་ ༡༠༠ ཡོད་ཚེ། དེང་སང་གཡག་གཅིག་ལ་ཧིན་སྒོར་ཁྲི་ ༤ ནས་ ༥ བར་རག་གི་ཡོད་པར་བརྟེན།  འབྲོག་པ་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་འགྲིག་ཙམ་ཡོད་ཀྱང་། ལ་ཤར་བོད་རིགས་འབྲོག་པར་རྩྭ་ས་ཆུང་དྲགས་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བརྗོད་བྱུང་།

བོད་མིའི་སྒྲིག་འཛུགས་ནས་འབྲས་ལྗོངས་ཀྱི་འབྲོག་པ་ཚོར་མཐུན་སྦྱོར་རོགས་རམ་ག་འདྲ་གནང་གི་ཡོད་དྲིས་པར། བོད་རིགས་འབྲོག་ཁྱིམ་ཚོའི་བུ་ཕྲུག་ཚང་མ་ས་ཐག་རིང་ཐུང་ལ་མ་ལྟོས་པར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལྟེ་གནས་ཁང་ཁག་ཏུ་སློབ་སྤྱོང་ཆེད་གཏོང་ཆོག་གི་ཡོད་པ་མ་ཟད། སློབ་ཡོན་ཐད་ཁྱིམ་ཚང་གི་གནས་སྟངས་ལ་གཞིགས་ཏེ་གང་འཚམ་ཞིག་ཆག་ཡངས་དང་། ཕྱེད་ཆག་ཡངས། ཁ་ཤས་ཤིག་ཕྲན་བུ་ཕྲན་བུ་སོགས་སྐབས་དང་དུས་ཀྱི་དཔལ་འབྱོར་གནས་སྟངས་ལ་བལྟས་ཏེ་སློབ་ཡོན་ལེན་གྱི་ཡོད་པ་དང་། འབྲོག་མི་རྒན་འཁོག་རྣམས་རྒན་གསོ་ཁང་དུ་ཚུད་ཐབས་དང་། རྒན་གསོ་ཁང་དུ་འགྲོ་འདོད་མེད་པ་རྣམས་ལ་རྒས་ཡོལ་སྤྱིན་བདག་འཚོལ་རོགས་སོགས་ཀྱི་མཚོན་པའི་དཀའ་ངལ་ཅན་ཚང་མ་ལ་གཟིགས་སྐྱོང་གནང་གི་ཡོད་པ་མ་ཟད། སློབ་མཐར་ཕྱིན་པའི་གཞོན་སྐྱེས་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་ལས་གནས་མཁོ་སྤྲོད་དང་།  མཐོ་སློབ་འགྲིམ་བཞིན་པ་རྣམས་ལ་སྤྱིན་བདག་བཙལ་ཏེ་སློབ་ཡོན་གནང་བ།  དེ་བཞིན།  ཛ་དྲག་གི་ནད་པ་སོགས་ལ་མཐུན་འགྱུར་རོགས་རམ་གནང་གི་ཡོད་སྐོར་བརྗོད་བྱུང་།

ས་གནས་ཀྱི་བོད་རིགས་འབྲོག་པའི་དཀའ་ངལ་སྐོར་ལ་ཁོང་གིས། སྒང་ཏོག་ཁུལ་གྱི་འབྲོག་པ་ཚང་མ་ས་མཚམས་སུ་འཁེལ་ཡོད་སྟབས།  ད་ལྟ་ཁོང་ཚོའི་དཀའ་ངལ་ཆེ་ཤོས་ནི་སེམས་ཅན་ལ་རྩྭ་ས་མེད་པའི་དཀལ་ངལ་ཡིན་པ་དང་།  ས་མཚམས་དེ་ཡང་རྒྱ་དཀར་ནག་གཉིས་བར་གྱི་གནད་དོན་ཞིག་ཆགས་ཡོད་སྟབས། ས་གནས་མགོ་འཛིན་ལས་ཁུངས་ནས་འབྲོག་པ་ཚོར་རྩྭ་ས་དགོས་ཀྱི་འདུག་ཟེར་ནས་ནུས་པ་ཐོན་ཐུབ་པའི་ལས་ཀ་དང་རོགས་རམ་བྱ་ཐུབ་ཀྱི་མེད་པ་དང་། རྩྭ་སའི་དཀའ་ངལ་དེ་བོད་པའི་འབྲོག་པ་ཁོ་ན་མ་ཡིན་པར་ཡུལ་མིའི་འབྲོག་ཁྱིམ་ཚོ་ལའང་གཅིག་མཚུངས་སུ་འཕྲད་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༡༩

Leave a Reply

7 thoughts on “བཙན་བྱོལ་བོད་མིའི་གཡག་གཅིག་ལ་ཧིན་སྒོར་ཁྲི་ ༤ ནས་ ༥ ཙམ་རེད་འདུག

  1. ཟླ་བ་སྒྲོལ་མ།

    འོད་ལྡན་ལགས། བཙན་བྱོལ་བོད་མིའི་གཡག་ཟེར་ན་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོའི་གཡག་ཟེར་གྱི་ཡོད་པ་རེད། འབྲེལ་སྒྲའི་ཕྲད་འི་བཞག་པ་དེས་གཡག་དེ་བཙན་བྱོལ་བོད་མིས་བདག་ཉར་བྱས་ཡོད་པའི་གཡག་ཟེར་གྱི་ཡོད་པ་རེད། ཁྱེད་ཀྱིས་དང་པོ་འབྲེལ་སྒྲའི་ཕྲད་གི་ཀྱི་གྱི་འི་ཡི་ལྔ་ཡི་འཇུག་ཚུལ་དང་ནང་དོན་ལ་ཡག་པོ་ཞིག་སྦྱོང་དང་། དེ་ནས་མགོ་འཐོམ་གི་མ་རེད།

  2. བཙན་བྱོལ་བོད་མིའི་གཡག་ཟེར་ན་་ག་རེ་རེད།་་་བཙན་བྱོལ་བོད་མི་གཡག་རེད་ཟེར་དགོས་སམ། ཡང་ན་གཡག་བཙན་བྱོལ་བོད་མི་རེད་ཟེར་དགོས་ལེ་རེད། ཁ་བྱང་འདི་འདྲ་མཐོང་ན་མགོ་འཐོམ་གྱི་འདུག

  3. གསར་འགྱུར་ཡག་པོ་འདུག བོད་ཀྱི་དུས་བབ་ཀྱི་ངོ་ཚབ་ཚོན་པའི་གསར་འགྱུར་རང་རེད། བོད་ཀྱི་དུས་བབ་ཚང་གི་ཁྱད་ཆོས་འབུར་དུ་འཐོན་པའི་གསར་འགྱུར་དེ་གསར་འགྱུར་རྒྱས་པ་དང་ཞིབ་ཚགས་ཡིན། དེང་སྐབས་གསར་འགྱུར་ཐར་ཐོར་མ་རེག་པའི་དཀའ་ངལ་མི་འདུག ཁ་གསལ་གཏིང་གསལ་ཞིབ་ཚགས་མོ་ཀློག་རྒྱུ་མི་རེག་པའི་དཀའ་ངལ་རེད