ཧི་མ་ཅལ་མངའ་སྡེའི་ནང་བྷི་ཇི་པེ་སྲིད་དོན་ཚོཊ་པར་རྒྱལ་ཁ་ཐོབ།

ཧི་མ་ཅལ་གྱི་འོས་བསྡུའི་ཁྲོད་བྷི་ཇི་པེ་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་སྟེ་མངའ་སྡེ་འདིའི་གཞུང་འཛིན་ཚོགས་པ་བྷི་ཇི་པེ་ཆགས་ཡོད་པ་རེད།

འདི་ལོའི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་ལྟར་ན། མངའ་སྡེའི་གྲོས་ཚོགས་སུ་ཞབས་བཀྱག་ཁྱོན་ ༦༨ ཡོད་པ་ལས་ཁོང་གྷི་རི་སི་སྲིད་དོན་ཚོགས་པར་ཞབས་བཀྱག་ ༢༡ དང་། བྷི་ཇི་པེ་སྲིད་དོན་ཚོགས་པར་ཞབས་བཀྱག་ ༤༤ ཐོབ་སྟེ། ཧི་མ་ཅལ་མངའ་སྡེའི་གཞུང་འཛིན་ཚོགས་པ་བྷི་ཇི་པེ་སྲིད་དོན་ཚོགས་པ་ཆགས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ནང་མི་མང་བརྒྱ་ཆ་ ༧༤ ཡིས་ཆ་ཤས་བླངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་སྲིད་དོན་ཚོགས་པ་གཉིས་བར་འོས་བསྡུའི་འགྲན་རྩོད་བྱེད་སྐབས།  བྷི་ཇི་པེ་སྲིད་དོན་ཚོགས་པའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འོས་མི་སྐུ་ཞབས་པེ་རམ་ཀུ་མུར་དྷོ་མལ་(Prem Kumar Dhumal)ལགས་རང་ཉིད་ཀྱི་ས་གནས་ནས་འོས་ཕམ་ཡོད་སྟབས། ད་ལྟ་ཧི་མ་ཅལ་བྷི་ཇེ་པེ་སྲིད་དོན་ཚོགས་པར་འོས་མི་ཞིག་གདམ་སྒྲུག་བྱེད་པར་དཀའ་ངལ་འཕྲད་བཞིན་ཡོད་འདུག

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་འོས་མི་ཕམ་ཉེས་བྱུང་རྗེས། སྐུ་ཞབས་པེ་རམ་ཀུ་མུར་དྷོ་མལ་ལགས་ཀྱིས་ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཆགས་སོང་བས་ཞིབ་འཇུག་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། ཕྱིས་སུ་ཁོང་གིས་ཕམ་ཉེས་དང་ལེན་བྱས་ཡོད་པ་མ་ཟད། ཁོན་གྷི་རི་སིའི་འོས་མིར་འཚམས་འདྲི་ཞུས་ཡོད་འདུག

དྷ་རམ་ས་ལའི་བྷི་ཇི་པེ་སྲིད་དོན་ཚོགས་པའི་འོས་མི་སྐུ་ཞབས་ཀི་ཤན་ཀཱ་པོར་(Kishan Kapoor)ལགས་དང་། ཁོང་གྷི་རི་སིའི་འོས་མི་སྐུ་ཞབས་སོ་དྷིར་ཤར་མ་(Sudhir Sharma)ལགས་གཉིས་ཀྱི་འོས་འགྲན་་ཁྲོད། འོས་གྲངས་ ༢༩༩༧ ཡི་ཁྱད་པར་ཤོར་ཏེ་བྷི་ཇི་པེའི་འོས་མི་སྐུ་ཞབས་ཀི་ཤན་ཀཱ་པོར་ལགས་སུ་རྒྱལ་ཁ་ཐོབ་ཡོད་པ་རེད།

 རྒྱ་གར་ཨན་ཌི་བརྙན་འཕྲིན་ཁང་གི་གནས་ཚུལ་ནང་། ཕྱི་ལོ་ ༡༩༨༥ ལོ་ནས་ཧི་མ་ཅལ་མངའ་སྡེ་ཡི་གཞུང་འཛིན་འོས་བསྡུའི་ཐོག  བྷི་ཇི་པེ་དང་ཁོང་གྷི་རི་སི་གཉིས་བར་གཞུང་འཛིན་དབང་ཆ་རེས་མོས་ཀྱིས་བཟུང་སྟེ་ཡོང་ཡོད་པ་དང་། རྒྱ་གར་སྲིད་བློན་མོ་དྷི་མཆོག་གིས་མི་ཁག་ཅིག་ནས་བྷི་ཇི་པེ་འོས་བསྡུའི་ཁྲོད་ཕམ་ན་བསམ་ཡོད་ཀྱང་། ང་ཚོར་མུ་མཐུད་འོས་བསྡུའི་རྒྱལ་ཁ་ཐོབ་ཀྱིན་ཡོད་པ་དེས་རྒྱ་གར་མི་མང་གི་མངོན་འདོད་མཚོན་གྱི་ཡོད་ལ། ཕྱི་ལོ་ ༢༠༡༤ ལོ་ནས་རྒྱལ་ཁབ་འདི་ཡར་རྒྱས་ལ་རྔམ་ནས་ཡོད་སྟབས། ཁྱེད་རང་བྷི་ཇི་པེ་སྲིད་དོན་ཚོགས་པར་དགའ་མིན་ལ་མ་ལྟོས་པར་རྒྱ་གར་ཡར་རྒྱས་ཀྱི་འགྱུར་བགྲོས་ལ་འགོག་ཐབས་མེད།  ཅེས་གསུངས་ཡོད་པ་རེད།

བྷི་ཇི་པེ་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འཚམས་འདྲི་ཞུས་པའི་ནང་། ཉེ་ལམ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ལས་རིམ་ནང་བྷི་ཇེ་པི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཤུགས་ཆེ་ཐོབ་པར་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། གྲུབ་འབྲས་འདི་ནི་མཛེས་སྡུག་ལྡན་པའི་ཧི་མཱ་ཅལ་མངའ་སྡེའི་མང་གཙོའི་རིང་ལུགས་ཀྱི་དཔལ་དང་གཟི་བརྗིད་ཀྱིས་རྒྱན་པའི་ལིའུ་གསར་པ་ཞིག་ཡིན། བོད་མི་ཚོས་ཀྱང་དགའ་བསུ་ཞུ་བཞིན་པ་མ་ཟད།  དེ་སྔའི་འབྲེལ་ལམ་བཟང་པོ་ཡིད་ཀྱི་འཆར་སྣང་དུ་དྲན་བཞིན་རེ་བའི་ཉིན་མོ་གསར་པ་ཞིག་ངང་སྒུག་ཞུ་བཞིན་ཡོད། བྷི་ཇེ་པི་ཆབ་སྲིད་ཚོགས་པར་མཚོན་ན། དབུས་སའི་སྲིད་གཞུང་སུ་ཡིན་ཡང་ལྟོས་མེད་ཀྱིས་བོད་དོན་དང་བོད་མིའི་བདེ་དོན་ཆེད་དུས་རྟག་ཏུ་རྒྱབ་སྐྱོར་ཧ་ཅང་གནང་དང་གནང་མུས་རེད། ཅེས་དང་། ད་ལྟའི་སྲིད་གཞུང་གི་ངོས་ནས་བོད་མི་ཚོར་མཐུན་སྦྱོར་རོགས་རམ་ཕན་རླབས་ཆེན་པོ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བྷི་ཇི་པེ་སྲིད་གཞུང་གསར་པའི་ངོས་ནས་ཀྱང་འབྲེལ་ལམ་དེ་རྒྱུན་སྐྱོང་གནང་རྒྱུ་ཙམ་མ་ཟད།  སྔར་ལས་སྲ་བརྟན་ཞིག་བསྐྲུན་ཐབས་གནང་རྒྱུ་ཡིན་པར་ང་ཚོར་ཡིད་ཆེས་གཙང་མ་ཡོད་སྐོར་གསུངས་འདུག

 གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༢༠

Leave a Reply