བཀྲ་ཤིས་དབང་ཕྱུག་ལཊ་ལ་ཁྲིམས་བཤེར་བྱ་འཆར་འདུག

རྒྱ་ནག་གཞུང་གིས་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་ཏེ་ལོ་གཉིས་མ་ཟིན་ཙམ་འགྲོ་བཞིན་ཡོད་པ་དང་མི་འགྱང་བར་ཁོང་ལ་ཁྲིམས་བཤེར་བྱ་འཆར་ཡོད་འདུག

འཆར་ལོའི་ཕྱི་ཟླ་དང་པོའི་ཚེས་ ༤ ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ནས་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་ར་འཚོགས་འཆར་ཡོད་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ལ་ཁ་བྲལ་ངན་སྐུལ་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་པ་ཡིན་ན་ལོ་ ༡༥ ཡི་ཁྲིམས་ཆད་ཕོག་ཉེན་ཡོད་འདུག

བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་དབུས་གཞུང་ལ་བོད་མིར་བོད་སྐད་བོད་ཡིག་སྦྱོང་བའི་ཐོབ་ཐང་དགོས་དང་། ད་ལྟ་བོད་ཁུལ་དུ་རྒྱ་རིགས་ཆེན་པོའི་ཧམ་བཟུང་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་སྐད་ཡིག་གི་གནས་སྟངས་ཧ་ཅང་ཉག་ཕྲ་བའི་དུས་སུ་བསླེབས་ཡོད་སྟབས། བོད་ཁུལ་དུ་བོད་སྐད་ཡིག་སློབ་འཁྲིད་བྱེད་དགོས་པའི་སྙན་ཞུ་ཕུལ་བ་དང་། ཕྱི་ལོ་ ༢༠༡༥ ལོར་ནེའུ་ཡོག་དུས་བབ་ཀྱི་ས་གནས་གསར་འགོད་པར་རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱས་པའི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་གཞིར་བཟུང་གིས། ད་ལྟའི་བོད་སྐད་ཡིག་སློབ་གསོའི་གནས་བབ་སྐྱོ་བོ་ཡར་རྒྱས་གཏོང་དགོས་པ་དང་། བོད་ཁུལ་དུ་བོད་ཡིག་བཀོལ་སྤྱོད་དགོས་པ་གལ་ཆེན་ཡིན་སྐོར་གྱི་དགོངས་ཚུལ་བརྗོད་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ། ཁྲིམས་བཤེར་མ་བརྒྱུད་པར་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་ལོ་ ༡༥ ཡི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་རེད།

ཁོང་འཛིན་བཟུང་བྱས་ཏེ་ལོ་ངོ་ ༢ མ་ཟིན་ཙམ་ཕྱིན་པའི་རིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྒྱལ་ཁབ་དང་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་བཀྲ་ཤིས་དབང་ཕྱུག་ལགས་སུ་ནག་ཉེས་གང་ཡང་མེད་སྟབས། ཆ་རྐྱེན་གང་ཡང་མེད་པའི་ཏོག་ནས་ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན། རྒྱ་རིགས་ཁྲིམས་རྩོད་པ་ཁག་ཅིག་ནས་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚོར་སྙན་ཞུ་ཕུལ་ཏེ། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་བཤེར་དུས་ཡུན་ཕར་འགྱངས་ཀྱིས་ཞིབ་དཔྱོད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༡༢/༣༠

Leave a Reply