ཕྱི་ལོ་ ༢༠༡༧ ལོའི་བཙན་བྱོལ་བོད་མིའི་གནས་ཚུལ་ཆེ་ཁག་བཅུ།

བོད་ཀྱི་དུས་བབ་གསར་ཁང་ནས་ཕྱི་ལོ་ ༢༠༡༧ ལོའི་བཙན་བྱོལ་བོད་མིའི་གནས་ཚུལ་ཆེ་ཁག་བཅུ་ཕྱོགས་བསྡུས་བྱས་པ།

གཅིག

ཕྱི་ཟླ་དང་པོའི་ཚེས་ ༣ ནས་ ༡༣ བར་གནས་མཆོག་རྡོ་རྗེ་གདན་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་དང་སྦྱིན་བདག་གི་གཙོ་བོ་གནང་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་བསྩལ་གནང་ཡོད་པ་དང་། བཀའ་དབང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཁག་ ༩༠ ལྷག་ནས་ཆོས་ཞུ་བ་འབུམ་ ༢ ཙམ་འཛོམས་པ་དང་། བོད་ནང་ནས་གནས་མཇལ་ཆོས་ཞུ་བ་སྟོང་ཕྲག་བརྒལ་བ་འབྱོར་ཡོད་ཀྱང་། རྒྱ་ནག་གཞུང་གིས་དུས་དབང་དབུ་འཛུགས་མ་གནང་སྔོན་ལ་ཕྱིར་ཕ་ཡུལ་དུ་མ་བསླེབ་ཚེ། གཞུང་ཞབས་ལས་བྱེད་པའི་གོ་གནས་མེད་པ་བཟོ་རྒྱུ་དང་། སློབ་གྲྭའི་ནང་ཡོད་པའི་བུ་ཕྲུག་ཕྱིར་འཕུད། གོང་རིམ་གྱི་བཀའ་ལ་མ་རྩིས་པའི་ཉེས་ཆད་ལྗིད་པོ་གཅོད་རྒྱུ་ཡིན་པ་སོགས་ཀྱི་བཀའ་རྒྱ་བསྒྲགས་པ་མ་ཟད། རྒྱ་གར་དུ་ཕེབས་མཁན་བྱུང་བའི་དགོན་གྲོང་རེ་རེ་བཞིན་འདྲི་རྩད་ཞིབ་བཤེར་བྱས་ཏེ་ཉེན་བརྡ་བཏང་བར་བརྟེན། གནས་མཇལ་ཆོས་ཞུ་བ་ཧ་ཅང་མང་པོ་ཞིག་ཐོངས་མཆན་གྱི་དུས་ཡུན་མ་ཟིན་གོང་ཛ་དྲག་ངང་ཕྱིར་ལོག་དགོས་བྱུང་།

གཉིས།

ཕྱི་ཟླ་ ༢ པའི་ཚེས་༢༡ ནས་ ༢༣ བར་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ལོ་རེའི་ཕྱི་ཟླ་ ༣ ཚེས་ ༡༢ དེ་བོད་ཀྱི་བུད་མེད་ཉིན་མོར་གཞུང་འབྲེལ་སྲུང་གཙི་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་ལྟར། འདི་ལོར་བོད་ཀྱི་ལོ་རྒྱུས་ནང་བོད་ཀྱི་བུད་མེད་ཉིན་མོ་ཞེས་པ་གཞུང་འབྲེལ་ཐོག་སྲུང་གཙི་ཐེངས་དང་པོ་གནང་། འོན་ཀྱང་། ཉིན་མོ་དེ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོར་འཁེལ་ཡོད་སྟབས། བོད་ཀྱི་བུད་མེད་ལྷན་ཚོགས་ནས་བཀའ་ཤག་ལ་མྱ་ངན་རྗེས་དྲན་ཞུ་བའི་ཉིན་མོ་དེ་སོར་འཇོག་དགོས་པའི་སྙན་ཞུ་ཕུལ་ཡོད་པ་དང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་དུའང་བུད་མེད་ཉིན་མོ་ཟེར་བ་ཞིག་ངེས་པར་དུ་དགོས་པ་མེད་པས་བུད་མེད་སྒེར་ལངས་ཉིན་མོ་སོར་འཇོག་དགོས་པའི་དགོངས་ཚུལ་བྱུང་།

གསུམ།

ཕྱི་ཟླ་ ༣ ཚེས་ ༩ ཉིན་རྒྱ་གར་བྱང་ཕྱོགས་པུར་ཝ་ལ་༧དཔལ་ས་སྐྱའི་མ་དགོན་དུ། ས་སྐྱ་༧གོང་མ་རིན་པོ་ཆེའི་གདུང་སྲས་བགྲེས་པ་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ས་སྐྱའི་ཁྲི་འཛིན་ ༤༢ པའི་མཚན་གསོལ་ཞུས་ཏེ། ཆོས་ཕྱོགས་དང་ཕྱི་ལུགས་ཀྱི་གསེར་ཁྲིར་མངའ་གསོལ་མཛད་ཡོད་པ་དང་། གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དང་སྟབས་བསྟུན་དད་ལྡན་སེར་སྐྱ་མང་ཚོགས་ནས་ས་སྐྱ་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། དེ་བཞིན་མཛད་སྒོའི་ཉིན་མཐའ་མར་༧སྐྱབས་མགོན་༧གོང་མ་བདག་ཁྲི་ ༤༡ པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུས།

བཞི།

ཕྱི་ཟླ་ ༣ ཚེས་ ༡༤ ནས་ ༢༥ བར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཚོགས་ཡོད་པ་དང་། བཀའ་ཤག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༧།༡༨ ལོའི་འགྲོ་གྲོན་ཁྱོན་ཧིན་སྒོར་ས་ཡ་ ༢,༤༣༩,༨༠ ལྷག་འཆར་འབུལ་ཞུས་ཡོད་ཀྱང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་དང་གྲོས་ཚོགས་ནས་ཞིབ་འཇུག་གོ་བསྡུར་གནང་བ་བརྒྱུད། ཧིན་སྒོར་ས་ཡ་ལྔ་དང་ཆིག་འབུམ་གཅོག་ཆ་གནང་རྗེས་ཁྱོན་ཧིན་སྒོར་ས་ཡ་ ༢,༤༣༤,༦༡༨,༧༤༧ བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་དང་། རྩིས་ལོའི་ནང་སྔོན་རྩིས་མ་དངུལ་ནས་སྒོར་ས་ཡ་ ༦༠༢,༩༢༠,༥༦༦ དང་ཟུར་བཀོལ་ནས་སྒོར་ས་ཡ་ ༡,༨༠༤,༨༩༤,༤༡༢ བཅས་ཁྱོན་ཧིན་སྒོར་ས་ཡ་ ༢,༤༠༧,༨༡༤,༩༧༨ ཡོང་འཆར་འདུག

ལྔ།    

ཕྱི་ཟླ་ ༤ པའི་ཚེས་ ༢༢ ཉིན་རྒྱ་གར་གྱི་མཚན་མོའི་ཆུ་ཚོད་ ༡༡ དང་སྐར་མ་ ༤༥ སྟེང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལྡི་ལིའི་མེག་སི་སྨན་ཁང་(Max Hospital)དུ་དགོངས་པ་ཆོས་དབྱིངས་སུ་འཐིམས། ཕྱི་ཟླ་ ༦ པའི་ཚེས་ ༢༤ ཉིན་༧གོང་ས་མཆོག་ནས་སེར་བྱེས་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༤ པར་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་གནང་ཡོད་པ་ལྟར། ཕྱི་ཟླ་ ༨ ཚེས་ ༤ ཉིན་ཆོས་རྗེ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གསེར་ཁྲིར་མངའ་གསོལ་མཛད།

དྲུག

ཕྱི་ཟླ་ ༧ ཚེས་ ༡༤ ཉིན་གྱི་སྔ་དྲོར་ཝཱ་ཎ་མཐོ་སློབ་ཀྱི་བུའི་ཉལ་ཁང་སྒོ་འགྲམ་དུ། རང་ལོ་ ༢༠ ཡིན་པའི་སློབ་ཕྲུག་བསྟན་འཛིན་ཆོས་དབྱངས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེ་མ་ཐག་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱས་ཡོད་ཀྱང་ཕྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༥༠ ཐོག་ལྡི་ལིའི་(Safjdarjung Hospital) སྨན་ཁང་དུ་སྐུ་གྲོངས། ཚེས་ ༢༥ ཉིན་སྐུ་ཕུང་བཞུགས་སྒར་དུ་གདན་འདྲེན་ཞུས་ཏེ་ཕྱི་ཚེས་ ༢༦ ཉིན་ལྷ་རྒྱལ་རིར་མྱ་ངན་གུས་འདུད་ཞུ་བའི་མཛད་སྒོ་ཚོགས་རྗེས། སྐུ་ཕུང་དྷ་སྟེང་བོད་ཁྱིམ་ལམ་གྱི་ཕུང་སྲེག་ཁང་དུ་གདན་འདྲེན་ཞུས་ཏེ་ཞུགས་འབུལ་གནང་།

བདུན།

ཕྱི་ཟླ་ ༧ ཚེས་ ༢༩ ཉིན་བཞུགས་སྒར་དྷ་སའི་རྒྱབ་ལོགས་ལྷ་རྒྱལ་རིར་ནོར་གླིང་ཤིང་ཚོན་སྡེ་ཚན་གྱི་ལས་བྱེད་དོན་འགྲུབ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཕྱི་ཟླ་ ༨ པའི་ཚེས་ ༡ ཉིན་གྱི་ཞོགས་པར་ལྷ་རྒྱལ་རིར་སྐུ་ཕུང་གདན་འདྲེན་ཞུས་ཏེ་མྱ་ངན་གུས་འདུད་ཞུ་བའི་མཛད་སྒོ་ཚོགས་རྗེས། དྷ་སྟེང་བོད་ཁྱིམ་ལམ་གྱི་ཕུང་སྲེག་ཁང་དུ་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་དང་། དོན་འགྲུབ་ལགས་ནི་དགུང་ལོ་ ༤༩ ཡིན་ཞིང་། ཕ་ཡུལ་རྒྱལ་རྩེ་ནས་ཡིན་པ་རེད།

བརྒྱད།

ཕྱི་ཟླ་ ༩ ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༦།༢༥ སྟེང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ། སྨན་རིའི་ཁྲི་འཛིན་ ༣༣ པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་འཐིམས། ༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་རྟགས་སྒྲིལ་ཆེད་དགེ་བའི་བཤེས་གཉེན་རྣམ་པའི་མཚན་གཞུང་བསྡུས་ཏེ། ཕྱི་ཟླ་ ༡༢ པའི་ ༢༧ ཉིན་གྱི་ཞོགས་པར་དངོས་གཞིའི་རྟགས་སྒྲིལ་དང་པོ་གནང་ཡོད་པ་དང་། འཆར་ལོའི་ཕྱི་ཟླ་དང་པོའི་ཚེས་ ༡ སྟེ། འཕྲོད་སྦྱོར་ཐམས་ཅད་དགེ་ཞིང་ཤིས་པ་ཕྱི་ལོ་གསར་ཚེས་ཀྱི་ཉིན་མོར་དངོས་གཞིའི་རྟགས་སྒྲིལ་མཐའ་མ་གནང་རྒྱུ།

དགུ།

ཕྱི་ཟླ་ ༡༠ ཚེས་ ༦ ནས་ཉིན་གསུམ་རིང་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ཕཱ་ཝི་ལོན་གསོལ་མགྲོན་ (Hotel Pavilion) དུ། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུ་བསྐོངས་ཡོད་པ་དང་། ཚོགས་ཐོག་ཏུ་གདན་ཞུའི་ཚོགས་བཅར་བ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་གནད་ཡོད་མི་སྣ་དང་། བཙན་བྱོལ་བོད་མིའི་བཀའ་ཟུར་དང་སྐུ་ཚབ་དོན་གཅོད་རྣམ་པ། དེ་བཞིན་བོད་མི་དོ་འཁུར་ཅན་ཁག་ཅིག་གི་གཙོས་ཁྱོན་མི་གྲངས་ ༡༨༠ ལྷག་འཛོམས་ཏེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་ལོ་ ༥ ནང་ག་རེ་གནང་དགོས་པ་དང་ག་རེ་གནང་ཐུབ་པ། དེ་བཞིན་ལོ་ ༥༠ ནང་ལ་འཆར་གཞི་ག་རེ་བཟོ་དགོས་པའི་སྐོར་ལ་གོ་བསྡུར་གནང་།

བཅུ།

ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བཀའ་ཤག་གིས་བྱང་ཨ་རིའི་སྐུ་ཚབ་གཅོད་དོན་འཕོ་འགྱུར་བཏང་བའི་གསལ་བསྒྲགས་གནང་ཡོད་པ་དང་། སྤྱི་ཚོགས་ནང་དོན་གཅོད་འཕོ་འགྱུར་གྱི་རྒྱུ་མཚན་རྒྱབ་ལྗོངས་ཐད་ལབ་གླེང་མང་པོ་བྱུང་བར་བརྟེན། ཕྱི་ཚེས་ ༩ ཉིན་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་ནས་དེའི་ཐད་གསར་འགོད་པར་གསལ་བཤད་དང་གསར་འགོད་པའི་དྲི་བ་ཁག་ཅིག་ལ་ལན་འདེབས་གནང་། ཡང་ཕྱི་ཚེས་ ༡༨ ཉིན་བཀའ་ཤག་ནས་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་ལས་དོན་མ་འགྲུབ་མ་སྒྲུབ་པ་དང་། འཛིན་སྐྱོང་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་ཡོད་སྐོར་གྱི་གསལ་བཤད་དོན་ཚན་ ༡༠ ཅན་ཞིག་སྤེལ་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་ཀྱང་ཕྱོགས་ཕེབས་སྐབས་དེའི་སྐོར་ལ་སྔ་གཞུག་ཏུ་གསལ་བཤད་གནང་རྗེས། ཕྱི་ཟླ་ ༡༢ ཚེས་ ༥ ཉིན་དྷ་ས་ནོར་བུ་མགྲོན་ཁང་དུ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ནས་གསལ་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། བཀའ་ཤག་གི་གསལ་བཤད་ལ་ཤོག་ངོས་ ༩༧ ཡོད་པའི་གསལ་བཤད་ཅིག་གནང་། བཀའ་ཤག་ནས་སྔ་རྗེས་སུ་གནང་བའི་གསལ་བཤད་ཁག་རྒྱུ་མཚན་ཡང་དག་མིན་ལུགས་བརྗོད་དེ་མི་མང་གི་འདོད་པ་མ་ཁེངས་བར་བརྟེན། སྲིད་སྐྱོང་མཆོག་ཕེབས་ཡུལ་ཁེ་ན་ཌ་དང་ཨ་རིའི་ནེའུ་ཡོག ཝ་ཤིང་ཊོན་ཌི་སི། བཞུགས་སྒར་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་བཅས་སུ་མི་མང་གིས་ཞུ་འབོད་ལས་འགུལ་སྤེལ་ཡོད་པ་མ་ཟད། དགའ་ལྡན་ཕོ་བྲང་ཡིག་ཚང་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། བཀའ་ཤག ཚོགས་དྲུང་ལས་ཁུངས་སོགས་སུ་སྙན་ཞུ་ཁག་ཅིག་ཕུལ་བ་དང་མཚན་རྟགས་བསྡུ་རུབ། སྤྱི་ཚོགས་དྲ་ལམ་དུ་བོད་དབྱིན་གཉིས་ཀྱི་ཐོག་ནས་རྩོམ་ཡིག་ཧ་ཅང་མང་པོ་སྤེལ།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༣༡

Leave a Reply

One thought on “ཕྱི་ལོ་ ༢༠༡༧ ལོའི་བཙན་བྱོལ་བོད་མིའི་གནས་ཚུལ་ཆེ་ཁག་བཅུ།

  1. གཞུང་པ་ཚེ་དབང་བསོད་ནམས་

    དུས་བབ་ཚང་གནས་ཚུལ་ཆེ་ཁག་བཅུ་དེ་ལྔ་པའི་རྗེས་ནས་དཀྱུས་ལ་བཏང་འདུག་པ་འདི་ལ་འབྲེལ་བཤད་གནང་རོགས་།