གཞོན་ནུའི་རྡོར་གདན་གྱི་སྤྱི་ཚོཊ་ཞབས་ཞུ།

གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་ཁྲི་གསུམ་བཞི་ཙམ་འཛོམས་ཀྱི་ཡོད་པའི་རོབ་རྩིས་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གཞོན་ནུ་དང་བླངས་བ་ ༨༠ གོ་སྒྲིག་བྱས་ཏེ་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཀྱིན་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཅན་རྡི་གྷར་གཞོན་ནུའི་རུ་ཁག་དང་། ལྡི་ལིའི་རོ་ཧིན་ནེའི་གཞོན་ནུའི་རུ་ཁག དེ་བཞིན་བྷ་རོ་ཌ་དང་བྷང་ལོར། ཝྭར་ཎ་མཐོ་སློབ། ས་རཱ་མཐོ་སློབ་ཀྱི་དང་བླངས་པ་བཅས་ཁྱོན་སློབ་ཕྲུག་ ༨༠ ཡིས་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་ཡོད་པ་ལྟར། འདི་གའི་གསར་འགོད་པས་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་སུ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ད་ལོར་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཁ་ཤས་ཤིག་ཡོད་པའི་གྲས་སུ་གཙོ་བོ། རྡོ་རྗེ་གདན་གྱི་མེ་འཁོར་འབབ་ཚུགས་སུ་ཆོས་ཞུགས་འགྲུལ་བཞུད་པ་རྣམས་པ་ཕེབས་བསུའི་རོགས་རམ་ཞུ་མཁན་ཚན་པ་གཅིག་དང་། གསུང་ཆོས་ཀྱི་ལས་རིམ་ཁག་གཙོས་པའི་ས་གནས་ཀྱི་ཡུལ་ཁྲིམས་དང་། མང་ཚོགས་ཀྱི་འཕྲོད་བསྟེན། དེ་བཞིན། མི་མང་གི་ཅ་དངོས་བོར་བརླག་ཏུ་ཕྱིན་པ་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་དང་རྒྱུས་ལོན་བྱེད་ཐབས་སུ་གསལ་བསྒྲགས་ཁང་ཅིག རྡོ་རྗེ་གདན་དུ་ཕེབས་ཡོད་པའི་མི་མང་ལ་ཛ་དྲག་གི་གནས་ཚུལ་བྱུང་སྟེ་ན་བ་དང་གྲོངས་པ། དེ་བཞིན་མི་བོར་བརླག་ཏུ་ཕྱིན་པ་ལ་སོགས་པའི་ཛ་དྲག་གི་གནས་ཚུལ་ཅི་བྱུང་ལ་ཆུ་ཚོད་ ༢༤ རིང་ཐད་ཀར་རོགས་རམ་གནང་མཁན་ཛ་དྲག་རོགས་རམ་མཐུན་སྦྱོར་ཚོགས་ཆུང་ཅིག གཞན་ཡང་། ཅ་ལག་འཚོལ་རྙེད་ཁང་ཞེས་མི་མང་ནས་སོ་སོའི་འགྲིམ་འགྲུལ་་ལག་ཁྱེར་གཙོས་ཅ་དངོས་གལ་འགངས་ཆེ་བ་ག་རེ་བོར་བརླག་ཏུ་ཕྱིན་ཚེ། ཅ་ལག་འཚོལ་རྙེད་ཁང་བརྒྱུད་གསལ་བསྒྲགས་བྱེད་ཆོག་གི་ཡོད་པ་དང་། དེ་བཞིན་རྙེད་སོན་བྱུང་བའི་ཅ་དངོས་རྣམས་ཁོང་ཚོ་བརྒྱུད་བདག་པོར་རྩིས་སྤྲོད་བྱེད་པ་སོགས་མི་མང་གི་བདེ་སྡུག་ལྟ་རྟོག་བྱེད་པའི་ཚན་པ་ཞིག་བཅས་ཡོད་པ་དང་། འདི་ལོར་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུས་ཆོས་ཞུགས་པ་རྣམས་ལ་ཐུགས་ཕན་ཡག་པོ་གསོས་ནས་འགྲོ་བསྡད་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་སོགས་བརྗོད་བྱུང་།

འདས་ལོར་རྡོ་རྗེ་གདན་གྱི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གཙང་སྦྲ་སོགས་ཀྱིས་ཆོས་ཞུ་བ་ཚོར་ཆམ་རིམས་ན་བ་སོགས་འཕྲོད་བསྟེན་ཐོག་དཀའ་ངལ་འཕྲད་ཡོད་པས་ད་ལོར་ག་འདྲ་ཡོད་མེད་སྐོར་ལ་ཁོང་གིས། འདས་ལོའི་དུས་འཁོར་དབང་ཆེན་དང་བསྡུར་ན་ད་ལོ་མི་གྲངས་ཉུང་ཉུང་ཡིན་ཡང་། ཕྱི་ཟླ་དང་པོ་གཉིས་པའི་ནང་རྡོ་རྗེ་གདན་དུ་ནམ་རྒྱུན་ནས་མི་མང་པོ་ཡོང་གི་ཡོད་པ་ལྟར། ད་ལྟ་ས་སྐྱ་བའི་སྨོན་ལམ་འགྲོ་བཞིན་པ་དང་། དགེ་ལུགས་པའི་འཇམ་དབྱངས་དགུན་ཆོས་དང་སྨོན་ལམ། དེ་བཞིན།   ༧གོང་ས་མཆོག་ནས་གསུང་ཆོས་གནང་རྒྱུ་ཡིན་པ་སོགས་ལ་བརྟེན་ནས་མི་མང་གང་ལ་གང་འཚམ་ཞིག་སླེབས་ཡོད་པ་དང་། གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས་མི་མང་གི་འཕྲོད་བསྟེན་ཆེད་བོད་ཀྱི་སྨན་རྩིས་ཁང་གི་གཙོས་པའི་རྒྱ་གར་སྨན་ཁང་ཁག་ནས་སྨན་བཅོས་ཀྱི་མཐུན་སྦྱོར་གོ་སྒྲིག་ཡག་པོ་གནང་ཡོད་སྐོར་བརྗོད་བྱུང་།

ད་ལོར་སྤྱི་ཚོགས་ཞབས་ཞུའི་ཁྲོད་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཀྱིན་ཡོད་དྲིས་སྐབས། གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་ལས་རྒྱ་གར་གྱི་མེ་འཁོར་ཁག་ཆུ་ཚོད་མང་པོའི་རིང་ཕྱིར་འགྱངས་དང་རྗེས་ལུས་ཐེབས་ཏེ། ཆོས་ཞུགས་པ་དུས་ཐོག་ཏུ་འབྱོར་གྱིན་མེད་སྟབས། མེ་འཁོར་འབབ་ཚུགས་སུ་ཆོས་ཞུགས་པ་རྣམས་ལ་སྒུག་མཁན་དང་བླངས་སློབ་ཕྲུག་རྣམས་ལ་མེ་འཁོར་འབབ་ཚུགས་སུ་ཁང་པ་མེད་སྟབས། གཉིད་ཉལ་པ་དང་ཟ་འཐུང་གི་དུས་ཚོད་རག་གི་མེད་པའི་དཀའ་ངལ་ཅུང་ཙམ་འཕྲད་ཀྱི་ཡོད་པ་ལས་དཀའ་ངལ་ཆེན་པོ་དེ་འདྲ་འཕྲད་ཀྱི་མེད་སྐོར་བརྗོད་བྱུང་།

དུས་འཁོར་དབང་ཆེན་དང་གསུང་ཆོས་སྐབས་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུ་ནི་མངོན་གསལ་དོད་ཤོས་ཤིག་ཆགས་ཡོད་ཀྱང་། དབུས་གཞོན་ནུའི་གོ་སྒྲིག་འོག་ས་གནས་ཁག་བརྒྱུད་དེ་ལས་རིགས་གཞི་རྒྱ་ཆེ་ཆུང་ལ་མ་ལྟོས་པར་ནད་པར་རོགས་སྐྱོར་དང་འདས་གྲོངས་སུ་ཕྱིན་པ་ལ་རོགས་རམ། ཉམ་ཐག་ལ་རོགས་སྐྱོར། སློབ་ཡོན་རོགས་རམ་སོགས་ཀྱི་མཚོན་པའི་ཞབས་ཞུའི་ལས་ཀ་དང་། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མང་དག་ཅིག་སྒྲུབ་ཀྱི་ཡོད་པ་ལྟར། ཉེ་སྔོན་ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ནས་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་གོ་རྟོགས་སྤེལ་བའི་སྐོར་སྐྱོད་ཀྱི་ལས་གཞི་མགོ་འཛུགས་བྱས་ཏེ་ཉིན་གྲངས་ ༢༤ ལྷག་འགྲོ་བཞིན་ཡོད་པ་རེད།




གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༡/༠༤

Leave a Reply