ཐེག་པ་ཆེན་པོ་དང་ཆུང་ངུ་ཞེས་པའི་ཐ་སྙད་དེ་ཡག་པོ་མི་འདུག

བོད་མིའི་འདི་ཕྱིའི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་དང་བྷིང་ལོར། ལྡི་ལི་སོགས་ཀྱི་མཛད་འཕྲིན་ཁག་གྲུབ་སྟེ། ཟླ་སྔོན་མའི་ཚེས་ ༢༩ ཉིན་གནས་མཆོག་ཝ་ར་ན་སའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཟླ་འདིའི་ཚེས་ ༥ ཉིན་ནས་བཟུང་རྡོ་རྗེ་གདན་དུ་གསུང་ཆོས་དབུ་འཛུགས་གནང་ཡོད།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་བཟུང་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ། རྒྱ་གར་གྱི་ནང་པ་ཆོས་ཞུ་བ་གཙོས་བོར་གྱུར་བའི་ཆོས་ཞུ་བ་ ༥༠༠༠༠ ཙམ་ལ་ཉིན་གསུམ་རིང་གི་བདེན་པ་བཞི་དང་སཱ་ལུའི་ལྗང་པའི་མདོའི་གསུང་ཆོས་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་གསུང་ཆོས་སྐད་ཡིག་ ༡༡ ནང་བསྒྱུར་ཏེ་དྲ་ཐོག་ཏུ་ཐད་གཏོང་བྱེད་བཞིན་ཡོད་པ་རེད། ཉིན་དང་པོའི་གསུང་ཆོས་དབུ་འཛུགས་སྐབས་༧གོང་ས་མཆོག་གིས་བཀའ་བསྩལ་དོན། དེ་རིང་དང་སང་ཉིན་གནངས་ཉིན་བཅས་ཉིན་གྲངས་གསུམ་རིང་གཙོ་བོ་ཆེད་དུ་བྱ་བའི་གདུལ་བྱ་ནི་རྒྱ་གར་ཡུལ་པའི་སློབ་ཕྲུག་དང་ནང་ཆོས་ལ་དོ་སྣང་ཡོད་མཁན་གང་འཚམ་ཞིག་ཡོད་པ་དེ་ཆགས་ཡོད། ཅེས་བཀའ་གསུངས་རྗེས་རྒྱ་གར་བ་ཚོས་པཱ་ལི་དང་ལེགས་སྦྱར་སྐད་ནས་གཤིས་བརྗོད་གསུང་འདོན་གནང་།

དེའི་རྗེས་ཁོང་གིས་མུ་མཐུད་དུ། བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པ་སངས་རྒྱས་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་མཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་གནས་སུ་གནས་པར་བྱ། །ཞེས་རེ་ཞིག་ཆོས་མ་གསུང་པར་བཞུགས་པ་རེད། རྒྱུ་མཚན་ནི་དེའི་ཚེ་དེའི་དུས་རྒྱ་གར་ཡོངས་གྲགས་ལ་བདག་ཏུ་ལྟ་བ་ཞེས་ཕུང་པོ་ལས་དོན་གཞན་པའི་བདག་གཅིག་འདོད་ཀྱི་ཡོད། གང་ཡིན་ཟེར་ན་སྐྱེ་བ་སྔ་ཕྱི་འདོད་པ་དང་འཇིག་རྟེན་བཀོད་པ་པོ་མི་འདོད་པ་བྱས་ཏེ་སྐྱེ་བ་སྔ་ཕྱི་འདོད་སྟབས། སྐྱེ་བ་སྔོན་མ་ནས་འདིར་འོང་མཁན། འདི་ནས་ཕྱི་མར་འགྲོ་མཁན་ཞིག་འདུག་བསམ་པ་དྲན་པ་རེད། ལུས་པོ་འདི་དང་སེམས་འདི་འགྲོ་ཡི་མེད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན། ཕུང་པོ་ལས་དོན་གཞན་པའི་བདག་གཅིག་དགོས་འདུག་བསམ་ནས་གང་ལྟར་རིག་པས་བསྒྲུབ་ཡོད། བསམ་བློ་ཧ་ཅང་བཏང་འདུག དེ་ཡོངས་གྲགས་ཆགས་ཡོད། བཅོམ་ལྡན་འདས་ཀྱིས་ལོ་དྲུག་དཀའ་བ་སྤྱད་ནས་དགོངས་པ་མང་པོ་བཞེས་སྐབས་བདག་ཏུ་ལྟ་བ་དེས་ཉོན་མོངས་པའི་རྩ་བ་བྱེད་བཞིན་ཡོད་པ་མཁྱེན། དེར་བརྟེན། དེའི་ཚེ་དེའི་དུས་སུ་ཡོངས་སུ་གྲགས་པའི་ལྟ་གྲུབ་དང་མི་འདྲ་བ་ཞིག་བདག་མེད་པའི་ལྟ་བ་འདི་གསུངས་པ་རེད།

སངས་རྒྱས་ཀྱི་བསྟན་པ་རིག་པའི་ལམ་ནས་གཏན་ལ་ཕབ་ནས་གསུང་མཁན་དེ་ལེགས་སྦྱར་ཆོས་གཞུང་དེ་དག་གཙོ་བོ་རེད་འདུག ངོས་ཀྱིས་ནམ་རྒྱུན་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ཞེས་ཤོད་བཞིན་པའི་གཞུང་དེ་དག་ད་ལྟ་ང་ཚོས་སློབ་དེབ་ནང་བཞིན་བརྩིས་ནས་སློབ་སྦྱོང་བྱེད་བཞིན་ཡོད། དེ་འདྲ་བྱས་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ ༢༦༠༠ ཕྱིན་ཡོད་པ་འཕགས་པ་གནས་བརྟན་སྡེ་པའི་ལུགས་སུ་གྲགས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་རྒྱ་གར་ནང་ལ་མཚོན་ན་བར་སྐབས་དར་རྒུད་སྣ་ཚོགས་བྱུང་ཡོད། འོན་ཀྱང་གཙོ་བོ་སངས་རྒྱས་པའི་བསྟན་པ་འདི་དུས་ད་ལྟ་ཡིན་ནའང་གནས་བཞིན་ཡོད། ལྷག་པར་མི་རྣམ་དཔྱོད་ཅན་གྱིས་ཞིབ་འཇུག་བྱེད་སྐབས་ལུང་ཙམ་ལ་ཡིད་ཆེས་མ་བྱས་པར་རིག་པའི་ལམ་ནས་དཔྱད་པ་བྱས་ནས་འགྲོ་དགོས་པ་མ་གཏོགས་ལུང་ཙམ་ལ་ཆ་མ་བཞག་མཁན་དེ་ཚོས་གཞི་ནས་དོ་སྣང་གསར་པ་ཞིག་སླེབ་བཞིན་ཡོད། དུས་ཚོད་འདི་འདྲ་ཞིག་སྒང་ལ་བསླེབས་ཡོད། ཅེས་གསུངས་ཡོད་འདུག

ཟླ་འདིའི་ཚེས་ ༢ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་དང་། རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོའི་དྲུང་དུ་ཤེས་རབ་སྙིང་པོ་གསུངས་ཏེ་ཐུགས་སྨོན་མཛད་པ་དང་། སྐབས་དེར་ས་སྐྱ་ཁྲི་འཛིན་སྐྱབས་མགོན་གོང་མ་རཏྣཱ་བཛྲ་རིན་པོ་ཆེ་ Ratna Vajra མཆོག་དང་གདུང་སྲས་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག  ཨ་བྷཱ་ཡ་བཛྲ་རིན་པོ་ཆེ་མཆོག་བཅས་ཀྱིས་ཕེབས་བསུ་དང་བཅས་ས་སྐྱ་པའི་རྒྱལ་སྤྱིའི་སྨོན་ལམ་ཆེན་མོ་ཐེངས་ ༢༦ འཚོགས་བཞིན་པར་ཐུགས་སྨོན་དང་སྣང་གསལ་ཞལ་ཕྱེ་མཛད་ཡོད།

ཕྱི་ཚེས་ ༡ ཉིན་༧གོང་ས་མཆོག་ཝར་ནཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་མཛོད་སྒོའི་སྟེང་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་གནང་དོན། དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ རེད། སྤྱིར་བཏང་ང་ཚོས་ལོ་བརྩི་བཞིན་པ་དེར་བཏགས་དོན་བཙལ་ན་རྙེད་རྒྱུ་གང་ཡང་མེད།  འོན་ཀྱང་འཇིག་རྟེན་གྲགས་པའི་སྒོ་ནས་ཞག་དང་ཟླ་བ། ལོ་ཞེས་ཤོད་བཞིན་ཡོད། དེར་བརྟེན། འཇིག་རྟེན་གྲགས་པའི་སྒོ་ནས་དེ་རིང་ལོ་གསར་པ་རེད།  དུས་ཚོད་ནི་རྟག་ཏུ་འགྱུར་བཞིན་ཡོད། དེ་དང་ཆབས་ཅིག་དངོས་ཡོད་གནས་སྟངས་ཡང་འགྱུར་བཞིན་ཡོད།  ལོ་གསར་པ་འགོ་འཛུགས་བཞིན་ཡོད། ང་ཚོས་ལོ་འདིའི་ནང་གནས་ཚུལ་གསར་པ་གང་འདྲ་ཞིག་ཡོང་བཞིན་འདུག དེ་དང་བསྟུན་ནས་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

གཉིས་ནས་ང་ཚོ་ནི་མི་རེད། བྱ་རི་དྭགས་དུད་འགྲོའི་རིགས་ལ་དུས་ཚོད་འགྱུར་བ་གཏོང་རྒྱུའི་ནུས་པ་གང་ཡང་མེད། ང་ཚོ་མིར་དུས་ཚོད་དང་བསྟུན་ནས་བསམ་བློ་བཏང་སྟེ་ཐབས་ཤེས་འདི་འདྲ་ཞིག་བྱས་ན་གྲུབ་འབྲས་འདི་འདྲ་ཞིག་ཡོང་སྲིད་པ་རེད་བསམ་པ་དེ་ང་ཚོ་མིས་བྱེད་ཐུབ་རྒྱུ་རེད།
 དེར་བརྟེན། ལོ་གསར་པ་འདིའི་ནང་ད་ཆ་ང་ཚོར་བྱ་རྒྱུ་གང་འདུག འཆར་ཅན་ལྟ་བུ་བྱས་ནས་ཆུ་ཚོད་སྐོར་བ་བརྒྱབ་པ་ལྟར་མིན་པར་བསམ་བློ་གསར་པ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། གལ་ཆེ་ཤོས་དེ་ང་ཚོས་ཀླད་པ་དཀྲུག་རྒྱུ་རེད།  ཀླད་པ་འཐོམ་ནས་མ་བསྡད་པར་འཆར་ཅན་ལྟ་བུ་མིན་པར་ཀླད་པ་དཀྲུག་དགོས། ཀླད་པ་དཀྲུག་པར་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱོགས་གཅིག་གི་གནས་ཚུལ་ཁོ་ན་མིན་པར་ཕྱོགས་མང་པོར་བསམ་བློ་བཏང་བ་ཡིན་ན་ང་ཚོའི་ཀླད་པར་དམིགས་བསལ་གྱི་ནུས་པ་ཞིག་ཡོད།

ཕྱོགས་ཡོངས་ཀྱི་གནས་ཚུལ་རྟོགས་པའི་ཐོག་ནས་ཕན་པའི་ངོ་བོར་འགྲོ་རྒྱུ་དེ་ཀླད་པ་གཅིག་པུས་བྱ་ཐབས་མེད། ལྷག་བསམ་དགོས།   རྣམ་དཔྱོད་ཀྱི་ཤེས་རབ་དང་ལྷག་བསམ་གཉིས་ཟུང་དུ་འབྲེལ་ནས་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་ཁ་སང་འཛམ་གླིང་སྒང་གི་རྙོག་གྲ་ལུང་པ་གང་ཡོད་པ་དེ་དག་མིའི་རྣམ་དཔྱོད་ཀྱི་ཐོག་ནས་ཕལ་ཆེར་ཡོང་བཞིན་ཡོད།  ལྷག་བསམ་བཟང་པོས་མ་འདང་བར་རྣམ་དཔྱོད་གཅིག་པུས་ཐོག་ནས་འགྲོ་སྐབས་འཕྲལ་སེལ་མིག་རྒྱང་ཐུང་ཐུང་གི་བསམ་བློ་བཏང་ནས་འགྲོ་སྐབས་རྙོག་གྲ་མང་པོ་ཞིག་ཡོང་བཞིན་ཡོད།  དེར་བརྟེན། རྣམ་དཔྱོད་ཀྱི་ཤེས་རབ་དང་གཞན་ཕན་གྱི་ལྷག་བསམ་གཉིས་ཟུང་དུ་འབྲེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། ངོས་རང་ཡང་ཉི་མ་དང་ཟླ་བ་ལོ་བྱས་ནས་འགྲོ་དགོས། ཁྱེད་རང་ཚོས་ཀྱང་ཉི་མ་དང་བདུན་ཕྲག ཟླ་བ་ལོ་བྱས་ནས་འགྲོ་དགོས། ཕྱི་ལོ་ ༢༠༡༩ བསླེབ་སྐབས་ཕྱི་ལོ་ ༢༠༡༨ ལོ་དེ་ངས་དོན་དང་ལྡན་པ་ཞིག་བྱས་འདུག་བསམ་པ་བྱུང་ན་སྐྱིད་པོ་ཡོད། དེ་མིན་ལོ་དེ་འཕྲོ་བརླག་ཕྱིན་སོང་བསམ་པ་དང་། སྡུག་ས་ནས་བཤད་ན་ལོ་དེར་རྙོག་གྲ་ཁོ་ན་བཟོས་ནས་ཕྱིན་པ་ཡིན་ན་ཧ་ཅང་ཐབས་སྐྱོ་པོ་རེད།

དེར་བརྟེན་ང་ཚོས་ལོ་གསར་པ་འདིར་དངོས་གནས་དོན་དང་ལྡན་པ་ཞིག་བྱ་རྒྱུ་ཡིན་བསམ་ནས་ལོ་རྗེས་མ་སླེབ་སྐབས་བློ་བདེ་པོ་བྱ་རྒྱུ་ཞིག ངས་འདས་པའི་ལོ་དེ་དོན་དང་ལྡན་པའི་མི་ཚེ་བསྐྱལ་བ་ཡིན་བསམ་པ་ཞིག་བྱུང་ན་ཡག་པོ་ཡོད། ཅེས་གསུངས་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་༧གོང་ས་མཆོག་ཝ་ར་ན་སར་སེམས་དང་སེམས་ཀྱི་བྱེད་ལས། ཅེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་སྟེང་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཁྲ་འགུ་རིན་པོ་ཆེ་མཆོག་སོགས་སྐུ་མགྲོན་རྣམ་པ་དང་། མུ་སྟེགས་པའི་གྲུབ་མཐའ་སྨྲ་བའི་ཁོངས་ནས་གྲངས་ཅན་པའི་ལྟ་གྲུབ་སྨྲ་བའི་མཁས་དབང་ལྕམ་སྐུ་ཇོ་ཤི་མཆོག Prof.Shubhda Joshi དང་། གཉིས་མེད་རིག་བྱེད་མཐའ་པའི་ལྟ་གྲུབ་སྨྲ་བའི་མཁས་དབང་ལྕམ་སྐུ་རུ་པ་བྷན་དུ་ཨུ་པདྱཱ་ Prof.Rupa Bandopadhya མཆོག རིག་པ་ཅན་པའི་ལྟ་གྲུབ་སྨྲ་བའི་མཁས་དབང་ས་ཅིཏཨཱནནྡ་མིཤྲ་ Prof. Sachchidanand Mishra མཆོག་སོགས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་༧གོང་ས་མཆོག་གིས་བཀའ་བསྩལ་དོན། གནའ་སྔ་མོ་ཡིན་ན་དམག་བརྒྱབ་སྟེ་རང་རྒྱལ་གཞན་ཕམ་ཟེར་བའི་སྐད་ཆ་བཤད་ཆོག་ཀྱང་། དེང་སྐབས་དངོས་ཡོད་གནས་སྟངས་ནི་གལ་ཏེ་ང་ཚོས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པ་ཡིན་ནའང་ཕྱོགས་གཉིས་ཀ་རྩ་མེད་དུ་འགྲོ་རྒྱུ་ངེས་པ་རེད། འོན་ཀྱང་། བསམ་ཤེས་མ་བྱས་པར་དུས་ད་ལྟའང་རྡུལ་ཕྲན་མཚོན་ཆས་གཙོས་ཕན་ཚུན་གཉིས་མེད་བཟོ་རྒྱུའི་མཚོན་ཆར་འགྲོ་སོང་ཧ་ཅང་ཕོན་ཆེ་བཏང་དང་གཏོང་བཞིན་ཡོད།

འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་བདེ་དོན་ཐོག་བསམ་བློ་གཏོང་མཁན་ཞིག་ཡིན་ན་འགན་ཏོག་ཙམ་ཡོད། དཀའ་ངལ་དེ་དག་འཕྲད་དགོས་པའི་རྒྱུ་མཚན་ནི་མིའི་རྣམ་དཔྱོད་བེད་སྤྱོད་ཡག་པོ་མ་བྱས་པའི་ཉེར་ལེན་ལ་བརྟེན་བྱུང་བ་ཞིག་ཡིན།  མིའི་རིགས་ལ་ཕུལ་དུ་བྱུང་བའི་རྣམ་དཔྱོད་ཡོད་པ་དེ་ཁོང་ཁྲོ་དང་རང་འདོད། རང་གཅེས་འཛིན་སོགས་ཉོན་མོངས་པའི་མཛོད་ཁང་ལྟ་བུ་བྱས་ནས་འགྲོ་བཞིན་འདུག

ང་ཚོས་ཚོགས་འདུ་འདི་ལྟ་བུ་བརྒྱུད་ནས་གཞོན་སྐྱེས་མི་རབས་གསར་པ་རྣམས་བྱམས་བརྩེ་ལྡན་པའི་མི་རབས་ཤིག་བཟོ་ཐབས་བྱ་དགོས། ངོས་ཀྱིས་དྲང་པོར་བརྗོད་ན་ད་ལྟའི་ཤེས་ཡོན་ལམ་ལུགས་དེས་འདང་གི་མི་འདུག གང་ཡིན་བརྗོད་ན་ད་ལྟའི་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་དང་།  དཔལ་འབྱོར་ཁོ་ནར་དམིགས་ནས་འགྲོ་བཞིན་པ་མ་གཏོགས་ནང་གི་རིན་ཐང་ལ་དོ་སྣང་སྤྲད་ཀྱི་མེད།

སྤྱིར་ངོས་ཀྱི་ཆོས་ལུགས་ཚང་མར་གུས་པ་བྱེད་བཞིན་ཡོད། ངོ་མཚར་ལྡན་པ་རེད། ལོ་ངོ་སྟོང་ཕྲག་རིང་མི་གྲངས་ས་ཡ་མང་པོར་ཕན་ཐོགས་ཧ་ཅང་བྱུང་ཡོད། ཧ་ལས་པ་རེད། འོན་ཀྱང་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ནང་ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་རྒྱས་པོ་ཡོད། ལྷག་མཐོང་གི་དགོས་དོན་ཡང་གཙོ་བོ་དངོས་པོའི་གནས་ལུགས་ལ་དཔྱད་པ་བྱ་རྒྱུ་དེ་རེད། ཞི་ལྷག་གཉིས་པོས་བློའི་འགྲོ་སྟངས་སྐོར་འཆད་བཞིན་ཡོད།

སྤྱིར་སྟངས་རྣམ་གཞག་དེ་དག་ཆོས་ཕྱོགས་དང་འབྲེལ་བ་ཡོད། འོན་ཀྱང་ད་ཆ་ང་ཚོས་རྣམ་གཞག་དེ་དག་ཆོས་ཕྱོགས་ཀྱི་སྡེ་ཚན་ཁོ་ན་མིན་པར་ཤེས་ཡོན་སྤྱིའི་སྡེ་ཚན་ནང་གཞག་དགོས་ཀྱི་འདུག ཅེས་སོགས་གསུངས་འདུག

ལྷན་ཚོགས་ཉིན་གཉིས་པའི་སྟེང་༧གོང་ས་མཆོག་གིས་གསུངས་དོན། ངོས་ཀྱིས་ནམ་རྒྱུན་ཐེ་ར་ཝ་ད། Theravada ཞེས་བརྗོད་པ་ཡིན་ན་གནས་བརྟན་པའི་སྡེ་པ་ལ་གོ དེ་ནི་གཙོ་བོ་སྡོམ་རྒྱུན་གྱི་ཆ་ནས་རེད། དཔེར་ན། རྩ་བའི་སྡེ་པ་བཞི་སྟེ་མང་བཀུར་བ། གཞི་ཐམས་ཅད་ཡོད་པར་སྨྲ་བ། འཕགས་པ་གནས་བརྟན་པ་སོགས་ཡོད།

དེ་གཙོ་བོ་སྡོམ་རྒྱུན་གྱི་ཆ་ནས་མ་གཏོགས་ལྟ་གྲུབ་ཀྱི་ཆ་ནས་ཕྲན་བུ་མི་འདྲ་བ་ཡོད་ཆོག འོན་ཀྱང་། གཙོ་བོ་ལྟ་གྲུབ་ཀྱི་ཆ་ནས་མིན་པར་སྡོམ་རྒྱུན་གྱི་ཆ་ནས་རེད། དེར་བརྟེན། ངོས་ཀྱིས་ནམ་རྒྱུན་པཱ་ལིའི་ཆོས་བརྒྱུད་འཛིན་པ། ཞེས་བརྗོད་ཀྱི་ཡོད། འཁོར་ལོ་དང་པོ་དེ་གཙོ་བོ་པཱ་ལིའི་ཐོག་ནས་གསུངས་ཡོད། པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཞེས་འབོད་པ་ལས་ཐེག་པ་ཆེན་པོ་དང་ཆུང་ངུ་ཞེས་པའི་ཐ་སྙད་དེ་ཡག་པོ་མི་འདུག

དེ་འདྲར་བོས་ཚེ་འགྲེལ་བཤད་མང་པོ་བརྒྱབ་དགོས་པ་སྟབས་དེ་མི་དགོས་པ་ཞིག་རེད།  ཐེ་ར་ཝ་ད་ཞེས་པ་དེ་སྡེ་པ་གཅིག་གི་མིང་ཡིན་པ་དེ་མི་དགོས་པར་པཱ་ལའི་ཆོས་བརྒྱུད་འཛིན་མཁན་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་ཞེས་ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད།  བོད་ཀྱི་འདུལ་བའི་སྡོམ་རྒྱུན་བཤད་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རེད།

ཐེག་ཆེན་ཐེག་དམན་གྱི་ཐ་སྙད་བེད་སྤྱོད་བྱས་ཚེ་ཐེག་པ་དམན་པ་ཞེས་མཐོང་ཆུང་ལྟ་བུ་ཡོང་རྒྱུ་དང་། ཐེག་དམན་པ་ཚོས་ཐེག་པ་ཆེན་པོ་ཞེས་པ་དེ་སངས་རྒྱས་ཀྱི་བཀའ་ཡིན་མིན་ཐེ་ཚོམས་རེད་ཅེས་བརྗོད་རྒྱུ་དེ་འདྲ་ཆགས་རྒྱུ་རེད། དེ་འདྲ་བྱས་ན་ཕན་ཐོགས་གང་ཡང་མེད།

མདོ་སྡེ་དགོངས་འགྲེལ་ནས་འཁོར་ལོ་རིམ་པ་གསུམ་གསུངས་པའི་ནང་ནས་དང་པོ་དེ་པཱ་ལིའི་ནང་གསུངས་པ་ཕལ་ཆེར་རེད་འདུག འཁོར་ལོ་བར་པ་དང་མཐའ་མ་ལེགས་སྦྱར་སྐད་ནང་གསུངས་འདུག པཱ་ལིའི་གཞུང་དེ་རྨང་གཞི་རེད། དེ་ནས་འདུལ་བའི་ཉམས་ལེན་དང་། ཞི་གནས་དང་ལྷག་མཐོང་། བྱང་ཕྱོགས་སོ་བདུན། བདེན་བཞིའི་རྣམ་གཞག་བཅས་ཡོངས་རྫོགས་ཐུན་མོང་ཡིན།

གཞི་རྩའི་ནང་པའི་ཆོས་བརྒྱུད་དེ་གཉིས་ཀས་བདག་མེད་པའི་ལྟ་བ་འདོད་མཁན་གཅིག་པ་རེད། ཞིབ་ཚགས་པོའི་ཐོག་ནས་ལེགས་སྦྱར་ཆོས་བརྒྱུད་ནང་ཁུངས་སུའང་བདག་མེད་པའི་ལྟ་བའི་ཐོག་མི་མཐུན་པ་མང་པོ་ཡོད། དཔེར་ན། སེམས་ཙམ་པ་ལྟ་བུར་མཚོན་ནའང་སྟོང་ཉིད་ཀྱི་ལྟ་བའི་ཐོག་བསམ་ཚུལ་མི་མཐུན་པ་ཡོད། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལེགས་སྦྱར་ཆོས་བརྒྱུད་ནས་རྒྱས་བཤད་མང་བ་ཡོད།

ནུབ་ཕྱོགས་པ་ཁག་གཅིག་གིས་དེ་སྔ་བོད་བརྒྱུད་ནང་བསྟན་མ་གྲགས་གོང་བོད་ཀྱི་སངས་རྒྱས་པའི་ཆོས་ལ་བླ་མའི་ཆོས་ལུགས་ཟེར།  ཕྱོགས་གཅིག་ནས་བོད་པ་རང་ཉིད་ཀྱི་བྱེད་སྟངས་ལ་བརྟེན་ནས་མིས་མིང་འདོགས་དེ་འདྲ་ཞིག་བཏགས་པ་རེད། བོད་པའི་བོད་པའི་བླ་མ་ཚོས་ཀྱང་གཙོ་བོ་ཕྱིའི་ཆ་ལུགས་འདྲ་མིན་བཟུང་ནས་གར་འཆམ་འཁྲབ་རྒྱུས་མཚོན་གཙོ་བོ་ཆོ་ག་ཕྱག་ལེན་ལ་དང་འདོད་ཆེན་པོ་བྱས་པར་བརྟེན་ཏེ་བླ་མའི་ཆོས་ལུགས་ཞེས་མིང་འདོག་ཐོབ་པ་རེད།  ད་ཆ་མཁས་པའི་ཚོགས་སུ་བོད་བརྒྱུད་ནང་བསྟན་དེ་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཡང་དག་པ་ཞིག་ཡིན་པ་གསལ་པར་ར་སྤྲོད་བྱུང་ཐུབ་ཡོད། ཅེས་སོགས་གསུངས་འདུག

གསར་འགོད་པ། དོན་གྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༡/༠༧

Leave a Reply

2 thoughts on “ཐེག་པ་ཆེན་པོ་དང་ཆུང་ངུ་ཞེས་པའི་ཐ་སྙད་དེ་ཡག་པོ་མི་འདུག

  1. བོད་ཀྱི་དུས་བབ་བཀླགས་ནས་ལོ་ངོ་༢༠ལྷག་སོང་འདུག་་་་དུས་བབ་ལ་ཐུགས་རྗེ་ཆེ་་་་་མ་འོངས་ཡར་རྒྱས་ཡོང་བ་ཤོག་་་་་་་་་་་་་་་

  2. ༄༅། གསར་འགོད་པ་དོན་གྲུབ་བཀྲིས་ལགས་ནས་གསུང་ཆོས་སྙིང་བསྡུས་དོན་ལྡན་གང་ལེགས་བྲིས་གནང་
    འདུག་པ་ཐུགས་རྗེ་ཆེ། གསུང་ཆོས་ཞུ་དད་ལྡ་མང་དག་ཕེབས་འདུག་པ་་་བསོད་ནམས་རེད།