ཐའེ་ཝན་ནང་ས་ཡོམ་གནོད་སྐྱོན་ཚབས་ཆེན་བྱུང་།

ཐའེ་ཝན་ནང་ས་ཡོམ་ཚད་རིམ་ ༦.༤ ཅན་ཞིག་བརྒྱབས་ཏེ་མི་མང་པོར་ཤི་རྨས་བྱུང་བ་དང་མི་གྲངས་ ༡༤༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
མདང་དགོང་ཐའེ་ཝན་གྱི་ཆུ་ཚོད་༡༡:༥༠་ཡས་མས་སུ་ཡུལ་དེའི་ཧྭ་ལིན(Hualien)གྲོང་ཁྱེར་དུ་ཚད་རིམ་༦.༤ཅན་གྱི་ས་ཡོམ་བརྒྱབས་ཏེ། ཉུང་མཐར་མི་ ༤ ་རྐྱེན་འདས་སུ་ཕྱིན་པ་དང་། མི་ ༢༠༠ ལྷག་ལ་རྨས་སྐྱོན་བཟོས་པའི་ནང་ནས་མི་ ༡༠༠ ལྷག་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་དང་།  མི་གྲངས་ ༡༤༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཐེངས་འདིའི་ས་ཡོམ་གོད་ཆག་ཁྲོད་ཁང་རྩེག་མང་པོ་ས་ལ་འགྱེལ་ཡོད་པ་དང་། གཞུང་ལམ་དང་ཟམ་པ་སོགས་འཛུགས་སྐྲུན་ལའང་གཏོར་སྐྱོན་ཆེན་པོ་ཐེབས་ཡོད་སྟབས། གྲོང་ཁྱེར་མྱུར་སྐྱོབ་ཚན་པ་དང་མེ་གསོད་མྱུར་སྐྱོབ་རུ་ཁག་སོགས་ཀྱིས་མུ་མཐུད་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་འདུག

ཨ་རིའི་ས་གཤིས་རིག་པའི་ཚོགས་པ་ཞིག་གིས་བརྗོད་པ་ལྟར་ན། ཐེངས་འདིའི་ས་ཡོམ་དེ་ཧྭ་ལིན་གྲོང་ཁྱེར་གྱི་བྱང་རྒྱུད་ནས་ས་ཁྱོན་སྤྱི་ལེ་༢༡ བར་ཤུགས་རྐྱེན་ཐེབས་ཡོད་པ་དང་། ས་མ་རུབ་སྔོན་ལ་ཡང་བསྐྱར་ས་ཁྱོན་ཁྱབ་ཚད་སྤྱི་ལེ་ ༩.༥ ཅན་ཞིག་བརྒྱབས་ཡོད་འདུག

དེ་རིང་ཞོགས་པར་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡེན་ཝིན་ལགས་གནོད་ཐེབས་ས་ཁུལ་དུ་ཕེབས་ཏེ། ཛ་དྲག་མྱུར་སྐྱོབ་པས་སེམས་ཤུགས་མ་ཆགས་པའི་ཐོག་ནས་མིའི་ཚེ་སྲོག་སྐྱོབ་པར་མུ་མཐུད་ཧུར་ཐག་བྱེད་དགོས་པ་དང་། སྲིད་གཞུང་གི་ངོས་ནས་ཕྱོགས་ཡོངས་ནས་གཟིགས་རྟོགས་དང་རོགས་རམ་གང་ལེགས་གནང་རྒྱུ་ཡིན་སྐོར་གསུངས་འདུག

ད་ལན་གྱི་ས་ཡོམ་གནོད་སྐྱོན་དེ་ཐའེ་ཝན་ནང་ཐེངས་དང་པོ་མ་ཡིན་པར་དེ་སྔོན་ས་ཡོམ་ཚད་རིམ་མི་འདྲ་བ་མང་པོ་ཞིག་བརྒྱབས་ཡོད་པ་དང་། ཉེ་བའི་ལོ་ཤས་སྔོན་ནས་བཟུང་མཚོ་གླིང་ནང་ས་ཡོམ་ཐེངས་མང་རྒྱུགས་པ་མ་ཟད། ཤུགས་ཚད་ཀྱང་ཆེ་རུ་ཕྱིན་ཡོད་འདུག ཐའེ་ཝན་གྱི་ལོ་རྒྱུས་ནང་ས་ཡོམ་གནོད་སྐྱོན་ཆེ་ཤོས་ནི། ཕྱི་ལོ་ ༡༩༣༥ ལོར་ས་ཡོམ་ཚད་རིམ་༧.༡ ཅན་ཞིག་བརྒྱབས་ཏེ་མི་གྲངས་ ༣༢༧༦ རྐྱེན་འདས་སུ་ཕྱིན་པ་དང་། ཕྱི་ལོ་ ༡༩༩༩ ལོར་ཚད་རིམ་༧.༦ཅན་གྱི་ས་ཡོམ་ཞིག་བརྒྱབས་ཏེ་མི་གྲངས་ ༢༤༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༠༧

Leave a Reply

One thought on “ཐའེ་ཝན་ནང་ས་ཡོམ་གནོད་སྐྱོན་ཚབས་ཆེན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    འབྱུངབའི་གནོད་ཚེ་མི་གི་བྱེད་ལས་རག་།
    འབྱུང་བཞི་འཁྲུགས་ནས་ས་ཡོམ་ཆུ་རུད་སོགས་།
    འབྱུང་བཞིའི་འོག་ཏུ་འཚོ་བའི་སྲོག་ཆགས་ཀུན་།
    འབྱུང་བཞིའི་ལྷ་མོའི་རྟག་ཏུ་སྲུངས་བ་ཤོག་།