གྲྭ་བ་ཞིག་ལ་གསང་བའི་ཁྲིམས་ཐག་བཅད།

ལྡི་ལིའི་རྒྱ་གཞུང་ཚབ་ཁང་ནས་ཡིག་ཆ་རག་སྟེ་བོད་དུ་ཕྱིན་པའི་དགའ་ལྡན་དགོན་གྱི་དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་ལ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་དེ་དར་མདོའི་བཙོན་ཁང་དུ་བཅུག་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་མོ་དགའ་ལྡན་ཏྲེ་ཧོོར་ཁང་ཚན་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་ཞུ་བ་ཞིག་ལ་རྒྱ་ནག་གཞུང་ཚབ་ཁང་ནས་ཡིག་ཆ་རག་སྟེ། ཕྱི་ལོ་ ༢༠༡༦ ལོའི་ལོ་མཇུག་ཙམ་ལ་ཕ་ཡུལ་དུ་ཕྱིན་ཡོད་པ་དང་། མར་བསླེབས་ཏེ་ཟླ་གཅིག་འགོར་རྗེས་རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་གང་ཡང་མ་བཤད་པར་ཁོང་འཛིན་བཟུང་བྱས་ཡོད་པ་མ་ཟད། གསང་བའི་ཏོག་ནས་ལོ་ ༦ ཁྲིམས་ཐག་བཅད་དེ་དར་མདོའི་བཙོན་ཁང་དུ་བཅུག་ཡོད་འདུག

དགའ་ལྡན་ཏྲེ་ཧོར་ཁང་ཚན་གྱི་དགེ་འདུན་པ་ཡ་མ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༡ ཉིན། རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་གང་ཡང་མ་བཤད་པར་དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་རྟའུ་རྫོང་ཐོག་ནས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་ཡུན་རིང་ཞིག་ལ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཙམ་ལ་དར་རྩེ་མདོའི་བཙོན་ཁང་ནས་ཀློད་གྲོལ་བཏང་བའི་བཙོན་པ་ཞིག་གིས། དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་དར་རྩེ་མདོའི་བཙོན་ཁང་དུ་བཅུག་འདུག་ཅེས་ནང་མི་ཚོར་ལན་སྤྲད་ཡོད་པ་དང་། སྐབས་དེར་གཞི་ནས་ཁོང་གི་ནང་མི་ཚོས་ཁྲིམས་ཐག་བཅད་དེ་ཁོང་བཙོན་ཁང་དུ་བཅུག་ཟིན་པ་ཤེས་རྟོགས་བྱུང་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས་གསར་འགོད་པར། རྒྱ་ནག་གཞུང་གིས་གྲྭ་བཀྲ་ཤིས་ཆོས་དབྱིངས་ལོ་གཅིག་ཏག་ཏག་ལ་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༡ ཉིན་དར་རྩེ་མདོ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་གསང་བའི་ཐོག་ནས་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོང་ལ་ཁྲིམས་ཐག་གཅོད་དགོས་པའི་རྒྱུ་མཚན་སོགས་ད་དུང་ཡང་གསལ་བཤད་གང་ཡང་བྱས་མེད་སྐོར་བརྗོད་བྱུང་། གྲྭ་བཀྲ་ཤིས་ཀྱི་འབྲེལ་ཡོད་ཚོས། ཁོང་རྒྱ་གར་དུ་ཡོད་དུས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྟའུ་ཁུལ་དུ་བྱུང་བའི་རང་ལུས་མེར་བསྲེགས་སྐོར་གྱི་གནས་ཚུལ་འགྲེལ་བརྗོད་བྱས་པའི་རྐྱེན་གྱིས་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

གྲྭ་བཀྲ་ཤིས་ཆོས་དབྱིངས་ནི། ཕྱི་ལོ་ ༡༩༨༡ ལོར་དཀར་མཛེས་ཁུལ་རྟའུ་རྫོང་ཁོག་ཆ་གྲོང་ཚོའི་ཞོག་ཀ་སྡེ་བའི་ཕ་རྡོ་རྗེ་ཚེ་རིང་དང་། མ་དཔལ་མོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ད་ལྟ་རང་ལོ་ ༣༧ ཡིན་འདུག ཁོང་ལ་ཕ་མ་གཅིག་གི་བུ་མོ་སྤུན་གཉིས་དང་བུ་སྤུན་བདུན་ཡོད་པའི་ནང་ནས་ཁོང་ཆུང་ཤོས་དེ་ཡིན་པ་དང་། ཆུང་དུས་ནས་རྟའུ་ཉི་མཚོ་དགོན་དུ་ཞུགས་ཏེ་ཁ་འདོན་དང་ཕྱག་ལེན་སོགས་ལ་སྦྱོང་བ་མཐར་ཕྱིན་པ་གནང་རྗེས། ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་དུ་བསླེབས་ཏེ་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྒྲིག་ཁུངས་སུ་འཛུལ་ཞུགས་ཀྱིས། གཞུང་ཆེན་བཀའ་པོད་ལྔའི་མཚོན་པའི་གཞུང་ལུགས་ཀུན་ལ་ལེགས་པར་སྦྱངས་ཏེ་དགེ་ལུགས་རྒྱུགས་སྤྲོད་ལྷ་རམས་དང་པོའི་བར་ཕྱིན་ཡོད་འདུག ཁོང་ནི་གཤིས་རྒྱུད་བཟང་ཞིང་བྱམས་སེམས་ལྡན་པ། རང་མི་རིགས་ལ་ལར་ཞེན་དང་ལྷག་བསམ་ལྡན་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་ཤ་ཞེན་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༢/༡༠

Leave a Reply

2 thoughts on “གྲྭ་བ་ཞིག་ལ་གསང་བའི་ཁྲིམས་ཐག་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས་

    མང་གཙོའི་མིང་འོག་ཁྲིམས་མེད་དབང་འཛིན་མང་།
    རང་མཁེ་སྲུངས་ནས་གཞན་མགོ་སྣོན་མཁན་མང་།
    རྒྱུ་འབྲས་མི་བསླུ་མཛུབ་མོའི་རྩེ་ལ་ཤར་།
    བདེན་པའི་ནུས་པ་ནམ་ཡང་ཆུད་མི་བཟའ་།

  2. གཞུང་པ་ཚེ་དབང་བསོད་ནམས་

    ཉེས་མེད་རྩོན་འཇུག་མི་དཀར་ནག་བཟོའི་རིགས་།
    དབང་ཆེན་དབང་མེད་འོག་ཏུ་ཚུད་པའི་མི་རྣམས་ལ་།
    གདུང་སེམས་མཉམ་སྐྱེད་ཁ་སྟོང་ཚིག་སྟོང་ལས་།
    སྙིང་རྗེའི་ཡུལ་ལས་མ་འདས་བསྔོ་བ་སྨོན་ལམ་འདེབས་།