ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་དྷ་རམ་ས་ལར་བོད་གཞུང་མང་གཉིས་ནས་བོད་རབ་གནས་ས་ཕོ་ཁྱི་ལོའི་ལོ་གསར་ལ་རོལ་བ།

དེ་རིང་ནི་བོད་རྒྱལ་ལོ་༢༡༤༥རབ་གནས་ས་ཁྱི་ལོའི་ལོ་གསར་ཚེ་གཅིག་ཉིན་ཡིན་པ་དང་།  ཞོགས་པ་སྔ་པོའི་སྐྱ་རེངས་དང་ལྷན་དུ་རྒྱ་གར་བྱང་ཕྱོགས་བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམ་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་ལས་ཁུངས་ཁག་གི་འགན་འཛིན་དང་དྲུང་ཆེ་རྣམ་པ། ལས་བྱེད་ཆེ་ཕྲ་དང་སེར་སྐྱ་མི་མང་བཅས་འདུ་འཛོམས་ཐོག ལོ་གསར་གྱི་ཉིན་དང་པོར་ཐེག་ཆེན་གཙུག་ལག་ཁང་གི་ཡང་སྟེང་དུ་ཚེ་བསྟོད་དང་སྨོན་ལམ་གསུང་འདོན་གནང་སོང་།

མཆོད་འབུལ་སྨོན་ལམ་གྲུབ་པ་དང་བསྟུན། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་དགག་མེད་ལྷུན་གྱིས་འགྲུབ་ཆེད་མནྜལ་རྟེན་གསུམ་འདེགས་འབུལ་དང་བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་སྟོན་ཐུང་ངུ་ཞིག་གཟིགས་འབུལ་ཞུས། དེ་ནས་མང་ཚོགས་རྣམས་ཀྱིས་གཙུག་ལག་ཁང་གི་ལྷ་ཁང་ཁག་ཏུ་མཆོད་མཇལ་མགོ་འཛུགས་ཞུས་སོང་།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ད་ལོའི་ལོ་གསར་ལ་འཚམས་འདྲི་གནང་བའི་གསུང་འཕྲིན་ནང་།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པ། གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤྲུན་ཟླ་རྣམ་པ། རྒྱ་གར་གཞུང་མང་གཉིས་དང་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་དྲང་བདེན་ལ་འགྱུར་བ་མེད་པར་རྒྱབ་སྐྱོར་གནང་མཁན་བོད་ཀྱི་གྲོགས་པོ་བཅས་ལ་བཀའ་ཤག་དང་། སྲིད་སྐྱོང་སྒེར་གྱི་ངོས་ནས་བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་བོད་ཀྱི་ལོ་གསར་དགའ་སྟོན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཅེས་གསུངས་འདུག

ཡང་ཁོང་གི་གསུང་འཕྲིན་ནང་དུ་བོད་ནང་གི་གནས་ཚུལ་སྐོར་ལ། འདི་ལོར་ཕྱི་ལོ ༢༠༠༨ ནང་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅུ་དང། རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་འགྲོ་གི་ཡོད།  འོན་ཀྱང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་དང་། བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་པ་ལ་བརྟེན་ནས་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཐུབ་ཡོད།  དེ་ལྟར་ང་ཚོས་མུ་མཐུད་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་སྔར་ལས་ལྷག་པའི་སེམས་ཤུགས་སྐྱེས་ནས་མདུན་སྐྱོད་བྱེད་དགོས། དེ་བཞིན་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་རྒྱ་ཆེན་པོ་གསོག་དགོས་རྒྱུ་གལ་ཆེན་ཡིན་པ་ལྷ་དང་བླ་མའི་ལུང་བསྟན་རིམ་པ་ཕེབས་ཡོད་པ་ལྟར་ཚང་མས་ཚོགས་གསོག་སྒྲིབ་སྦྱོང་གི་ལས་ལ་འབད་འབུངས་དགོས་པ་ཡིན། ལྷག་པར་དུ་བོད་མིའི་ངོ་བོ་མཚོན་པའི་ཡ་རབས་བཟང་སྤྱོད་དང་། རྩ་ཆེའི་ཆོས་དང་རིག་གཞུང་། གོམས་སྲོལ་བཟང་པོ་དེ་ཚོ་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་ཡང་བོད་མིའི་འཐབ་རྩོད་རྒྱུན་སྐྱོང་ཆེད་དུ་ཧ་ཅང་གལ་ཆེན་པོ་རེད། ཅེས་འཁོད་འདུག

ཡང་གསུང་འཕྲིན་ནང་བཙན་བྱོལ་བོད་མི་ཚོར། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ། ༢༠༡༩ དེ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་དྲུག་བཅུ་འཁོར་བཞིན་པར་དུས་ཡུན་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀྱི་བཀྲིན་རྗེས་དྲན་ཆེད་དུ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་གཙི་གནང་གི་ཡོད་སྟབས་ཚང་མས་མཉམ་ཞུགས་བྱེད་དགོས་པ་ཡིན།ཞེས་འཁོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༡༩

Leave a Reply

2 thoughts on “ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

  1. དོན་གྲུབ་བཟང་པོ།

    བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་བོད་ཀྱི་ལོ་གསར་དགའ་སྟོན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

  2. གཞུང་པ་ཚེ་དབང་བསོད་ནམས་

    ས་ཕོ་ཁྱི་ལོའི་དབུགས་དབྱུང་ཤར་བའི་འོག་།
    ས་སྟེང་སྲོག་ཆགས་བདེ་སྐྱིད་ལྡན་པ་ཤོག་།
    ས་ཕོ་ཁྱི་ལོའི་ལོ་སྐར་ཤར་བའི་འོག་།
    ས་སྟེང་སྐྱེ་འགྲོ་ཞི་བདེར་གནས་པ་ཤོག་།
    ས་ཕོ་ཁྱི་ལོ་འཕྲོད་སྦྱོར་བཟང་བ་འདི་།
    ས་སྟེང་མི་རྣམས་ལོག་འཚོ་མེད་པ་ཤོག་།
    ས་ཕོ་ཁྱི་ལོར་ཆར་ཆུ་བཟང་བ་འདི་།
    ས་སྟེང་ཞིང་པའི་དཀའ་སྡུག་སེལ་བ་ཤོག་།