པེ་ཅིན་ནས་ནེའུ་ཡོག་ལ་ཆུ་ཚོད་གཉིས་མ་གཏོཊ་མི་དགོས་ཟེར།

རྒྱ་ནག་གི་ཞིབ་འཇུག་པ་ཁག་ཅིག་ནས་མྱུར་ཚད་མཐོ་བའི་འགྲུལ་སྐྱེལ་གནམ་གྲུ་(I-Plane)ཟེར་བ་ཞིག་འཆར་འགོད་བྱས་ཏེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་བར་ཆུ་ཚོད་ ༢ ལས་འགོར་རྒྱུ་མིན་སྐོར་བསྒྲགས་འདུག

རྒྱ་ནག་ལྷོད་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་པེ་ཅིན་ཚན་རྩལ་སློབ་གླིང་ཁང་གི་ཞིབ་འཇུག་པ་ཁག་ཅིག་གིས། འཛམ་གླིང་ནང་མྱུར་ཚད་ཆེས་མཐོ་བའི་འགྲུལ་སྐྱེལ་གནམ་གྲུ་(I-plane)ཟེར་བ་ཞིག་འཆར་འགོད་བྱས་ཡོད་པ་དང་།  ནམ་རྒྱུན་པེ་ཅིན་ནས་ཨ་རིའི་ནེའུ་ཡོག་ཏུ་གནམ་གྲུའི་ནང་ཕྱིན་ན་ཉུང་མཐར་ཆུ་ཚོད་ ༡༣།༣༠ འགོར་གྱི་ཡོད་ཀྱང་། གསར་དུ་འཆར་འགོད་བྱས་པའི་གནམ་གྲུ་དེས་ཆུ་ཚོད་ ༢ ལས་འགོར་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།

ཞིབ་འཇུག་སྡེ་ཚན་དེའི་སྣེ་འཁྲིད་པ་ཚེ་ཀེ་(Cui Kai)ཟེར་བ་ཞིག་གིས། ད་ལྟའི་ཆར་རྒྱང་ཐག་སྤྱི་ལེ་ ༡༡༠༠༠ སར་འགྲུལ་སྐྱེལ་གནམ་གྲུ་ཞིག་འཕུར་སྐྱོད་དགོས་ན་ཆུ་ཚོད་ ༡༤ ཙམ་འགོར་གྱི་ཡོད་ཀྱང་། གསར་དུ་འཆར་འགོད་བྱས་པའི་འགུལ་སྐྱེལ་གནམ་གྲུ་དེ་ཆུ་ཚོད་གཅིག་ནང་རྒྱང་ཐག་སྤྱི་ལེ་ ༦༠༠༠ ལྷག་ལ་སྐྱོད་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

གནམ་གྲུ་དེའི་བཟོ་དབྱིབས་དབྱིན་ཡིག་གི་ཡིག་འབྲུ་(I)ལྟར་བཟོས་ཡོད་སྟབས། མིང་ལའང་(I-Plane)ཞེས་བཏགས་ཡོད་པ་དང་། གནམ་གྲུ་དེའི་ནང་མི་བཅུ་གྲངས་ཤིག་དང་། ཅ་དངོས་སྤྱི་རྒྱ་ ༡༠༠༠ ཡས་མས་འཁུར་ཐུབ་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༡ ལོར་ཨ་རིའི་བྷོ་ (Boom Technologyy)ཚོང་གཉེར་ཁང་གིས་ཨ་རི་ནས་རྒྱ་ནག་ཏུ་ཆུ་ཚོད་ ༤ ལས་འགོར་གྱི་མེད་པའི་འགུལ་སྐྱེལ་གནམ་གྲུ་ཞིག་འཆར་འགོད་བྱེད་ཀྱི་ཡོད་པ་དང་། མྱུར་ཚད་རྒྱུན་ལྡན་འགྲུལ་སྐྱེལ་གནམ་གྲུ་ལས་ལྡབ་གཉིས་ལྷག་གིས་མགྱོགས་པ་དང་། ཆུ་ཚོད་གཅིག་ནང་སྤྱི་ལེ་ ༢༣༣༥ ལ་བསླེབ་ཐུབ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་སྦྲགས། ཚོང་གཉེར་ཁང་དེའི་སྤྱི་གཉེར་བས་དུས་ད་ལྟའང་ང་ཚོ་ཕྱི་ལོ་ ༡༠༦༠ སྐབས་ཀྱི་གནམ་གྲུའི་མགྱོགས་ཚད་དུ་རང་སོར་ལྷག་ཡོད་སྟབས། གསར་དུ་འཆར་འགོད་བྱས་པའི་གནམ་གྲུ་དེ་ལེགས་འགྲུབ་བྱུང་བ་ཡིན་ན་མདུན་དུ་གོམ་པ་ཆེན་པོ་ཞིག་སྤོས་ཡོད་པ་རེད་ཅེས་བརྗོད་འདུག ཡིན་ནའང་། གནམ་གྲུ་དེ་ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཏུ་ཚོད་ལྟའི་འཕུར་སྐྱོད་བྱ་རྒྱུ་དུས་ཐོག་ལེགས་འགྲུབ་བྱུང་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༢༢

Leave a Reply