གཙུག་ལག་ཁང་གི་མེ་སྐྱོན་སྐོར་ལ་དཔྱད་པ་ཉུང་བསྡུས།

བསོད་ནམས་རྡོ་རྗེ། ཐའེ་ཝན།

༄༅། །བོད་རབ་གནས་ས་ཁྱི་ལོའི་ལོ་གསར་ཚེས་གཉིས་ཏེ་སྤྱི་ཟླ་ ༢ ཚེས་ ༡༧ ཉིན་ཉི་མ་ནུབ་རིར་ཡིབ་ལ་ཉེ་བའི་སྐབས་མཚམས་ཤིག་ལ་སྤྱི་ཚོགས་དྲ་ལམ་འདྲ་མིན་ཐོག་ལྷ་ལྡན་གཙུག་ལག་ཁང་གི་རྒྱ་ཕིབས་དབུ་རྩེ་ནས་མེ་ལྕེ་དམར་ཕྱུར་ཕྱུར་དུ་འབར་བའི་བརྙན་ཐུང་བརྒྱུད་སྤེལ་བྱེད་འགོ་ཚུགས། དང་ཐོག་ཐེ་ཚོམ་ནས་རིམ་བཞིན་གཙུག་ལག་ཁང་གི་ཕྱོགས་གང་ས་ནས་བླངས་པའི་བརྙན་ཐུང་ཇེ་མང་དངོས་སུ་མཐོང་རྒྱུ་ཡོད་དུས། བོད་མི་རྩམ་ཟན་དག་ཅི་ལ་སྨོས་དགོས་དེ་མིན་གནའ་བོའི་རིག་དངོས་ལ་གཅེས་སྤྲས་ཡོད་མཁན་ཞིག་ཡིན་ཕྱིན་གནས་ཚུལ་དེ་ནི་བློ་ཡུལ་དུ་གཤོངས་དཀའ་བའི་གཏམ་ངན་ཞིག་ལས་མ་འདས།གུས་པས་ཐོག་མར་སྤྱི་ཚོགས་དྲ་ལམ་ངོ་དེབ་ཐོག་ནས་ལྷ་ལྡན་གཙུག་ལག་ཁང་གི་ཡང་སྟེང་རྒྱ་ཕིབས་དབུ་རྩེ་ནས་མེ་ལྕེ་དྲག་ཏུ་འབར་བའི་བརྙན་ཐུང་དང་པོ་དེ་མཐོང་དུས་ཅུང་ཡིད་ཆེས་དཀའ་བ་བྱུང་བས། དྲ་ལམ་གཞན་ཐོག་མུ་མཐུད་དྲ་ཉུལ་བྱས་པས་བརྙན་ཐུང་དེ་རང་བརྒྱུད་སྤེལ་བྱེད་མཁན་མང་དུ་སོང་། བརྙན་ཐུང་དེ་པར་ལེན་བྱེད་སྐབས་ ལྷ་ས་གྲོང་ཁྱེར་ནང་ཉི་མ་ནུབ་མེད་ཅིང་ཉི་འོད་གསལ་པོ་མངོན་རྒྱུ་འདུག ཉི་མ་རི་བོའི་ཕག་ལ་ཡིབ་ནས་ཉི་མདངས་མེད་པའི་ས་རུབ་ཀྱི་དུས་སུ་ལྷ་ལྡན་གཙུག་ལག་ཁང་གི་མེ་ལྕེ་དགུང་སྔོན་དབྱིངས་སུ་མུ་མཐུད་འབར་བའི་བརྙན་ཐུང་དེ་བས་མང་དུ་བརྒྱུད་སྤེལ་བྱེད་མཁན་མཐོང་། དུས་དེ་ནས་བཟུང་ད་བར་བོད་ཕྱི་ནང་གཉིས་དང་། རྒྱལ་སྤྱི་བཅས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པ། དོ་བདག་སྒེར་ངོས་ནས་གསར་འགྱུར་བརྒྱུད་ལམ་དང་། སྤྱི་ཚོགས་དྲ་ལམ་ཐོག་གླེང་སློང་བྱེད་མཁན་གྲངས་ལས་འདས་པ་འདིར་བསྐྱར་ཟློས་བྱེད་དགོས་པ་མ་མཐོང་།

སྐབས་འདིར་གླེང་བར་འདོད་པ་ནི་གུས་པས་ལྷ་ལྡན་གཙུག་ལག་ཁང་གི་མེ་སྐྱོན་གྱི་ཐབས་སྡུག་གནས་ཚུལ་སྐོར་དྲ་ཉུལ་བྱས་པའི་གནད་དོན་ཁག་གསུམ་ཐོག་པར་རིས་དང་འབྲེལ་ཏེ་དཔྱད་པ་དབྱེ་ཞིབ་ཉུང་བསྡུས་ཤིག་བྱ་བར་འདོད།

༡༽       ངོས་རང་ལ་ཆ་མཚོན་ན་གོང་དུ་བརྗོད་པ་ལྟར་ཚེས་ ༡༧ ཉིན་ལྷ་ལྡན་གཙུག་ལག་ཁང་གི་རྒྱ་ཕིབས་དབུ་རྩེ་ནས་མེ་ལྕེ་དམར་ཕྱུར་ཕྱུར་དུ་འབར་བའི་བརྙན་ཐུང་གཉིས་པ་དེ་མཐོང་དུས་རྒྱ་ནག་གཞུང་ལ་དེ་བས་ཆེས་མ་དགའ་བ་དང་ཁོང་ཁྲོ་རབ་ཏུ་འབར་བའི་རྣམ་འགྱུར་མ་ཐོན་དཀའ་མེད་བྱུང་། རྒྱུ་མཚན་ནི་གཙུག་ལག་ཁག་གི་རྒྱ་ཕིབས་ལ་མེ་ལྕེ་ལོང་ལོང་དུ་འབར་བཞིན་ཡོད་པའི་དུས་ཡུན་སྐར་ཆ་བཅུའི་བརྙན་ཐུང་ཞིག་ནང་། གཙུག་ལག་ཁང་གི་ཡང་ཐོག་ཤིག་ཏུ་དམག་ཆས་སྤྲས་པའི་དམག་མི་གཉིས་ཕར་ཚུར་འགྲོ་འོང་བྱེད་ཅིང་། དམག་མི་དེ་གཉིས་ལ་མེ་འབར་བཞིན་ཡོད་པར་དངངས་སྐྲག་ཙམ་ཡང་མེད་པ་མ་ཟད་དེ་བས་མེ་གསོད་ཐབས་བྱེད་པའི་རྣམ་པ་ཞིག་ཀྱང་མཐོང་རྒྱུ་མི་འདུག གཤམ་གསལ་པར་རིས་(པར་ཨང་༠༠༡)འདི་བརྙན་ཐུང་སྐར་ཆ་བཅུ་ཡོད་པ་དེའི་ཐོག་ནས་ཆ་ཤས་པར་བླངས་པ་ཡིན་པས། མི་དེ་གཉིས་ཀྱི་ལག་ཏུ་མེ་གསོད་ཆེད་ཀྱི་ལག་ཆ་གང་ཡང་མཐོང་རྒྱུ་མེད།

༢༽       ཟླ་ ༢ ཚེས་ ༢༡ ཉིན། རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཁང་དང་། མི་དམངས་དྲ་བ་ཐོག་གནས་ཚུལ་སྤེལ་གསལ། ༼ཟླ་༢ཚེས་༡༧ཉིན་གྱི་ཆུ་ཚོད་༡༨དང་སྐར་མ་༤༠ཙམ་ལ། ཇོ་ཁང་རྒྱབ་རོལ་གྱི་རྟེན་ཁང་གི་ཐོག་སོ་གཉིས་པར་མེ་ཤོར་མ་ཐག བོད་ལྗོངས་ཀྱིས་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་བརྡ་ལན་འཕྲལ་དུ་སྤེལ་བ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་དེ་མ་ཉིད་དུ་གནས་ཚུལ་ཐོན་ཡུལ་དུ་བཀོད་འདོམས་གནང་བར་ཕེབས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་མེ་གང་མགྱོགས་བསད་ཡོད་པ་རེད།༽ ཅེས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ་ཡིས་ཟླ་ ༢ ཚེས་ ༡༨ ཉིན་ཡོངས་ཁྱབ་སྤེལ་བའི་བརྡ་ཁྱབ་ཤོག་གྲངས་དང་པོའི་ནང་བཀོད་དོན། ༼ཟླ་༢ཚེས་༡༧ཉིན་གྱི་ཆུ་ཚོད་༡༩ དང་སྐར་མ་༠༦ཐོག  བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་མེ་ཟོན་སྔོན་འགོག་ཉིང་ལག་རུ་ཁག་ལ་ལྷ་ས་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་བའི་ཉེན་བརྡ་འབྱོར་བ་དང་། རུ་ཁག་ནས་འཕྲལ་མར་མེ་གསོད་རླངས་འཁོར་༣༧ དང་། དཔོན་དམག་མི་༢༠༠ ལྷག་བཏང་སྟེ་དོན་རྐྱེན་བྱུང་ཡུལ་ཕྱོགས་སུ་བསྐྱོད། ཆུ་ཚོད་༡༩ དང་སྐར་མ་༠༧ཐོག དོན་རྐྱེན་བྱུང་ཡུལ་ལས་གནས་ཀྱི་མེ་ཟོན་སྔོན་འགོག་དཔོན་དམག་རྣམས་ཀྱིས་འཕྲལ་དུ་གཙུག་ལག་ཁང་གི་རྟེན་གཙོའི་ལྷ་ཁང་དུ་འཛོམས་ནས་ནུས་ཤུགས་གང་ཡོད་སྤེལ་ཏེ་མེ་གསོད་དང་། རིག་དངོས་བཀྲམ་སྲུང་སོགས་གོ་སྒྲིག་བྱས། ཆུ་ཚོད་༢༠ དང་སྐར་མ་༠༥ཐོག་མེ་བསད་ཐུབ།༽(པར་ཨང་༠༠༢)ཅེས་གོང་གསལ་རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆ་ཁག་གཉིས་ལ་གཞི་བཞག་སྟེ་དབྱེ་ཞིབ་བྱས་པར། མེ་སྐྱོན་བྱུང་བའི་དུས་ཚོད་ནི་ཆུ་ཚོད་༡༨དང་སྐར་མ་༤༠ཙམ་ཡིན་ཅིང་། སྤྱི་བདེ་མེ་གསོད་སྡེ་ཚན་ལ་བརྡ་ལན་འབྱོར་བའི་དུས་ཚོད་ནི་ཆུ་ཚོད་༡༩དང་སྐར་མ་༠༦ཐོག་ཡིན་པ་མ་ཟད། གཙུག་ལག་ཁང་དུ་ཡོད་པའི་མེ་ཟོན་སྔོན་འགོག་དཔོན་དམག་ཚོས་མེ་གསོད་ཀྱི་དུས་ཚོད་ནི་ཆུ་ཚོད་༡༩དང་སྐར་༠༧ཐོག་ཡིན་པ་བཀོད་འདུག་པས། དེང་དུས་བརྡ་འཕྲིན་འཕྲུལ་ཆས་ཡར་ཐོན་གྱི་སྐབས་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་ནས་སྤྱི་བདེ་མེ་གསོད་སྡེ་ཚན་ལ་དུས་ཡུན་སྐར་མ་ ༢༦ རྗེས་གཞི་ནས་མེ་སྐྱོན་བྱུང་བའི་བརྡ་ལན་འབྱོར་བ་དང་། གཙུག་ལག་ཁང་དུ་ལས་གནས་ཐོག་ཡོད་པའི་མེ་ཟོན་སྔོན་འགོག་དཔོན་དམག་རྣམས་ཀྱིས་དུས་ཡུན་སྐར་མ་ ༢༧ རྗེས་མ་གཏོགས་མེ་གསོད་ཀྱི་གོ་སྒྲིག་བྱེད་མ་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ།

༣༽ ལྷ་ལྡན་གཙུག་ལག་ཁང་དང་དེའི་ཉེ་འཁྲིས་སུ་ཡོད་པའི་མེ་གསོད་སྡེ་ཚན་ཁག་གཉིས་ཀྱི་འགྱངས་ཐག་རིང་ཚད་སྐོར་དགོས་རྒུ་(Google)ས་ཁྲའི་(པར་ཨང་༠༠༣།༠༠༤)ཐོག་ནས་ཚད་གཞི་འཇལ་བར། ལྷ་ལྡན་གཙུག་ལག་ཁང་ནས་དེའི་བྱང་ཤར་མཚམས་སུ་བཙུགས་པའི་ལྷ་ས་གྲོང་ཁྱེར་སྤྱི་བདེ་མེ་ཟོན་སྔོན་འགོག་ཉིང་ལག་རུ་ཁག་བར་རླངས་འཁོར་གྱི་འགོར་ཡུན་སྐར་མ་ ༡༠ ཙམ་དང་། ཡང་ལྷ་ལྡན་གཙུག་ལག་ཁང་ནས་དེའི་ལྷོ་ནུབ་མཚམས་སུ་བཙུགས་པའི་བོད་རང་སྐྱོང་ལྗོངས་མེ་གསོད་རུ་ཆེན་བར་རླངས་འཁོར་གྱི་འགོར་ཡུན་སྐར་མ་ ༩ ཙམ་ཡིན་འདུག་པས། མེ་སྐྱོན་བྱུང་སའི་མཚམས་ནས་མེ་གསོད་ཀྱི་སྡེ་ཚན་དབར་གྱི་འགྱང་ཐག་ནི་ཆེས་ཧ་ཅང་ཐུང་ཐུང་ཡིན་པ་རེད།

མདོ་དོན། འཛམ་གླིང་རིག་དངོས་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སུ་ཚུད་པའི་ལྷ་ས་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་བ་དེའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་དང་བོད་མིར་འཛིན་པའི་སྲིད་བྱུས་ལ་ཟུར་བལྟས་ལེབ་མཐོང་ཐུབ་པ་ཞིག་ནི། བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུ་དེ་མཐའ་མའི་འཐབ་བྱུས་ཡིན་པ་གསལ་པོ་ར་སྤྲོད་བྱེད་ཐུབ། གང་ཡིན་ཟེར་ན་བོད་ཀྱི་དགོན་སྡེ་ཁག་ནང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་མིང་ཐོག་ནས་གཞུང་གི་ལས་བྱེད་པ་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པ། དྲག་ཆས་ཉེན་རྟོགས་མེ་ཟོན་དཔོན་དམག་ཟེར་བ་སོགས་དགོན་པར་བཅའ་སྡོད་བྱེད་བཞིན་ཡོད། རྒྱུན་གཏན་བོད་མིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། གོང་གསལ་མི་སྣ་དེ་དག་དེ་མ་ཉིད་དུ་ཐོན་ནས་ཞི་རྒོལ་བ་ཚོ་འཕྲལ་མར་རྡུང་རྡེག་འཇུ་བཟུང་བྱེད་ཐུབ་ཀྱི་ཡོད་ཀྱང་། ཐེངས་འདིའི་མེ་སྐྱོན་ལ་གདོང་ལེན་བྱེད་སྟངས་ནི་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་ཐ་ཤལ་ཞིག་ཡིན་པར་ངོས་འཛིན་མ་བྱེད་ཐབས་མེད་དུ་གྱུར།

བསྐྱར་བཅོས།: ༢༠༡༨/༠༢/༢༣

Leave a Reply

One thought on “གཙུག་ལག་ཁང་གི་མེ་སྐྱོན་སྐོར་ལ་དཔྱད་པ་ཉུང་བསྡུས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ནག་མེད་བོད་མིར་ཉེས་བསྡུང་གཏོང་སྐབས་ཉེན་རྟོགས་མི་སྣ་སྐརྨ་ལྔ་ནང་འབྱོར་བཞིན་པ་དང་ཇོ་ཁང་ལ་མེ་ཤོར་སྐབས་ཚུ་ཚོད་ཕྱེད་ཀའི་རྗེས་ནས་ཉེན་རྟོགས་མི་སྣ་སླེབས་པ་དེ་ག་རང་གི་བོད་མི་རིགས་ཀྱི་གཅེས་ནོར་རྩ་མེད་བཟོ་རྒྱུ་ཡིན་པ་གསལ་པོ་མ་རེད་དམ་།