སློབ་གྲྭ་ཁག་དྲུག་རྩིས་སྤྲོད་རྩིས་ལེན་ཕྱི་ལོ་ ༢༠༢༡ བར་ཕར་འགྱངས་མི་ཞུ་ཐབས་མེད་ཆཊ་འདུག

ཤེས་རིག་བཀའ་བློན་མཆོག་ནས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནང་ཚུད་སློབ་གྲྭ་ཁག་ ༨ དེ་རྩིས་སྤྲོད་རྩིས་ལེན་ཆ་ཚང་ལེགས་གྲུབ་འབྱུང་རྒྱུ་ཡིན་ལ་སློབ་གྲྭ་དེ་དག་གི་ཤེས་ཡོན་དང་སློབ་ཕྲུག་གི་འཚོ་བའི་མཐུན་རྐྱེན་སྔར་ལྷག་ཡར་རྒྱས་གཏོང་གི་ཡོད་སྐོར་གསུངས་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་ ༥ པའི་སྔ་དྲོར། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་རྩིས་ལེན་གནང་རྗེས་ཤེས་ཡོན་ཡར་རྒྱས་འགྲོ་རྒྱུར་སྔར་ལྷག་མཐུན་རྐྱེན་གསར་པ་གང་གནང་ཡོད་པ་དང་། དམིགས་བསལ་གྱིས་ཟས་བཅུད་ཐད་སྔར་ལས་ཡར་རྒྱས་གཏོང་ཐུབ་ཡོད་མེད་སྐར་རྟགས་ཅན་གྱི་དྲི་བ་ཕུལ་སྐབས། ཤེས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བཀའ་ལན་གནང་སྐབས། དབུས་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་ཟིན་པའི་སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་སློབ་གྲྭ་ཁག་གི་ནང་དོན་དམ་ཤེས་ཡོན་ཡར་རྒྱས་འགྲོ་རྒྱུར་ཐོག་མར་དགེ་ལས་ས་མིག་སྟོང་པ་ཇི་ཡོད་ལ་དགོས་ངེས་དགེ་ལས་བསྐོ་བཞག་གིས་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་། སྔོན་དགེ་དང་གཞི་རིམ་འོག་མའི་དགེ་རྒན། དེ་བཞིན་ས་གནས་དགེ་རྒན་ཕ་མའི་ཚོགས་ཆུང་དང་ཕ་མ་རྣམས་ལ་ཕྲུ་གུའི་ཤེས་ཡོན་ཐད་འགན་ཁུར་བཞེས་སྟངས་སོགས་ཀྱི་སྐོར་ལ་ཟབ་སྦྱོང་། དམིགས་བསལ་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་དགོངས་དོན་བཟང་སྤྱོད་ཀྱི་སློབ་དེབ་སློབ་འཁྲིད་མགོ་འཛུགས་གནང་རྒྱུ་དང་། དེ་བཞིན་སློབ་གྲྭ་དེ་དག་ལ་བོད་སློབ་འཛིན་ཚོགས་ནས་ཐོབ་སྐལ་རྒྱུན་གྲོན་ཇི་ཡོད་ཐོག་ས་བྷོ་ཊ་ནས་ད་བར་ཧིན་སྒོར་ས་ཡ་ལྔ་དང་དྲུག་འབུམ་བདུན་ཁྲི། བཞི་སྟོང་དྲུག་བརྒྱ་ལྔ་བཅུ་ང་ལྔའི་(༥༦༧༤༦༥༥།༠༠)རོགས་སྐྱོར་འཕར་མ་གནང་ཡོད་པ་དང་། སློབ་གྲྭ་དེ་དག་ནང་དམིགས་བསལ་ཟས་བཅུད་ཀྱི་ཐད་དབུས་བོད་སློབ་འཛིན་ཚོགས་ནས་ཉིན་མོའི་ཟས་དོད་ཐོབ་ཆ་ཕྲུ་གུ་རེར་སྒོར་ ༡ རེ་ཡོད་པ་སློབ་གྲྭ་དེ་དག་རྩིས་ལེན་གྲུབ་མ་ཐག་སཾ་བྷོ་ཊ་བོད་སློབ་ཚོགས་པ་ནས་སྒོར་ ༥ སྤར་ཆ་གནང་ཡོད་པ་དང་། དེའི་ཐོག་ཤེས་རིག་ལས་ཁུངས་ནས་བཅུད་ཟས་ཤིང་ཏོག་དང་འོ་མ། ཤ་བཅས་ཀྱི་ཆེད་ད་བར་ཟས་དོད་སྒོར་ས་ཡ་བཞི་དང་འབུམ་མེད་དྲུག་ཁྲི་བཞི་སྟོང་། བཞི་བརྒྱ་སུམ་ཅུ་སོ་ལྔ་(༤༠༦༤༤༣༥)འཕར་མ་གནང་ཡོད་སྐོར་གསུངས་སོང་།

ཡང་རྩིས་ལེན་ཐུབ་མེད་པའི་སློབ་གྲྭ་ཁག་གི་དགེ་ལས་རྣམས་ཀྱི་གླ་ཕོགས་གནས་སྟངས་དང་། སློབ་གྲྭ་ཁག་རྩིས་ལེན་གྱི་གནས་སྟངས་དེ་དོན་དངོས་ཐོག་ག་འདྲ་ཞིག་ཏུ་བསླེབས་ཡོད་པ། གཏན་འཇགས་སློབ་གྲྭ་ཁག་ཅིག་རྩིས་སྤྲོད་རྩིས་ལེན་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་སྐོར་སོགས་ལ་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས། ད་ལོར་བོད་སློབ་འཛིན་ཚོགས་རང་གི་དངུལ་འཛིན་གྱི་འཆར་གཞི་ཡར་ཕུལ་བ་དང་མར་དངོས་སུ་བཀའ་ཁྲོལ་ཐོབ་པ་གཉིས་ལ་བར་ཆད་བྱུང་སྟེ། བོད་སློབ་འཛིན་ཚོགས་ངོས་ནས་སྤྱིའི་བརྒྱ་ཆ་ ༢༢ མར་ཆག་ཡོད་པར་བརྟེན། ད་ལྟ་ཤེས་རིག་ལས་ཁུངས་ངོས་ནས་ཐོག་མའི་འཆར་གཞིའི་ནང་བཀོད་པ་ནང་བཞིན་མུ་མཐུད་ཕྱག་ལས་གནང་བཞིན་པའི་དགེ་ལས་ཚོར་སྔར་ཡོད་གླ་ཕོགས་འབུལ་ཐུབ་ཀྱི་མེད་སྐོར་དང་། ད་ལྟ་གཞིས་ཆགས་ཁག་ནང་ཡོད་པའི་གཞི་རིམ་བར་མ་ཡན་ཆད་ཀྱི་སློབ་གྲྭ་ཁག་བརྒྱད་དང་། གཏན་འཇགས་སློབ་གྲྭའི་ངོ་བོར་གནས་པའི་སློབ་གྲྭ་ཁག་ ༦ བཅས་ཁྱོན་བསྡོམས་སློབ་གྲྭ་ཁག་ ༡༤ རྩིས་ལེན་ཐུབ་མེད་པ་དང་། དེའི་ནང་ནས་གཞི་རིམ་བར་མ་ཡན་ཆད་ཀྱི་སློབ་གྲྭ་ཁག་ ༨ དེ་རྩིས་སྤྲོད་རྩིས་ལེན་གནང་གཏན་འཁེལ་ཏེ། སློབ་གྲྭ་ཁག་ཅིག་ཕྱི་ཟླ་ ༣ པའི་ནང་དང་ཁག་ཅིག་ ༤ པའི་ནང་བཅས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནང་ཚུད་དུ་རྩིས་ལེན་ལེགས་གྲུབ་འབྱུང་གི་ཡོད་སྐོར་དང་། གཏན་འཇགས་སློབ་གྲྭའི་ངོ་བོར་གནས་པའི་སློབ་གྲྭ་ཁག་༦ དེ་ཕྱི་ལོ་ ༢༠༢༡ བར་ཕར་འགྱངས་མི་ཞུ་ཐབས་མེད་ཆགས་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༡༩

Leave a Reply

2 thoughts on “སློབ་གྲྭ་ཁག་དྲུག་རྩིས་སྤྲོད་རྩིས་ལེན་ཕྱི་ལོ་ ༢༠༢༡ བར་ཕར་འགྱངས་མི་ཞུ་ཐབས་མེད་ཆཊ་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཕྲུག་གུའི་ཟས་བཅུད་སོགས་ལ་རོགས་དངུལ་མང་པོའི་མཐུན་སྦྱོར་གནང་འདུག་པ་ཐུགས་རྗེ་ཆེ་གལ་ཆེ་ཤོས་དེ་ཕྲུག་གུའི་ཤེས་ཡོན་དང་ཡ་རབས་བཟང་སྤྱོད་ཡིན་ན་དེའི་ཐོག་འབྲེལ་ཡོད་ཤེས་རིག་ལྷན་ཁང་དང་དགེ་རྒན་ཕ་མ་ཕྲུག་གུ་དང་ས་གནས་དགེ་རྒན་ཕ་མའི་ཚོགས་ཆུང་ས་གནས་ཉིན་སློབ་ཀྱི་འཛིན་སྐྱོངས་སློབ་སྤྱི་དང་ས་གནས་འགོ་འཛིན་ས་གནས་འཐུས་མི་དང་ས་གནས་རང་བདེན་ཚོགས་ཆུང་ས་གནས་མཉམ་འབྲེལ་དང་ས་གནས་སུ་ཡོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་དང་ས་གནས་མི་མང་བཅས་ནས་མཉམ་རུབ་འགན་འཁུར་ཐོག་ཕྲུག་གུའི་ཤེས་སྤྱོད་སྔར་ལས་ཡར་རྒྱས་ལ་གཏོང་ཐུབ་པའི་འགན་འཁུར་ང་ཚོའི་བཞེས་མ་ཐུབ་ཚེ་དབུས་བོད་སློབ་འཛིན་ཚོགས་མདུན་ང་ཚོ་ངོ་སྣོང་མ་དགོས་པ་ཞིག་དགོས་པ་མ་རེད་དམ་།