བོད་པ་ཚོའི་དཀའ་ཁག་ཅིག

                                                         ཚེ་རིང་ཤཱཀྱས་བྲིས།
རྐ་འོད་ཟེར་གྱིས་བསྒྱུར།

བོད་པ་ཚོས་རྒྱ་གར་ལ་བཀའ་དྲིན་ཞུ་བར་རྒྱུ་མཚན་མང་པོ་ཡོད་པ་ཡིན། འདས་པའི་ལོ་ངོ་དྲུག་ཅུའི་རིང་། རྒྱ་གར་གྱིས་བོད་པ་ཚོར་ཐོབ་ཐང་དང་ཁེ་དབང་གནང་བར་བརྟེན་ནས་བོད་པའི་ཚོགས་སྡེ་འདི་གནས་ཐུབ་པ་བྱུང་བ་རེད་ལ། རྒྱལ་སྤྱིའི་ཐོག་གང་ལ་གང་འཚམ་གྱིས་ཚོགས་སྡེ་འདི་ཤེས་རྟོགས་བྱུང་དུ་བཅུག་ཡོད་པ་རེད། རྒྱ་གར་གྱིས་བཙན་བྱོལ་བོད་མི་རྣམས་ལ་འཛིན་སྐྱོང་གི་ཐད་སྐྱབས་བཅོལ་བ་གཞན་ལ་མེད་པའི་ཐོབ་ཐང་སྤྲད་ཡོད། དེར་བརྟེན། རྡ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་བཀའ་དྲིན་ཞུ་བའི་ལས་རིམ་ཞིག་གྲ་སྒྲིག་བྱས་པ་ནི་ཧང་སངས་དགོས་པ་ཞིག་མ་རེད།

འོན་ཀྱང་། རྒྱ་གར་གྱི་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་ཤེན་ཧཱ་ཡིས། རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེ་ཝེ་ཇཱ་གྷོ་ཁལ་གྱི་སློབ་སྟོན་བྱས་པ་བཞིན་རྒྱ་གར་གཞུང་འབྲེལ་མི་སྣར། དབུས་བོད་མིའི་སྒྲིག་འཛུཊ་ཀྱིས་རྒྱ་གར་ལ་བཀའ་དྲིན་ཞུ་བའི་ལས་རིམ་གང་གི་ཁྲོད་དུའང་མ་ཞུགས་ཞེས་བཀོད་ཁྱབ་བཏང་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ལ་རྒྱལ་ས་ལྡི་ལི་ནས་བཀའ་དྲིན་ཞུ་བའི་ལས་རིམ་དེ་ཕྱིར་བསྡུ་བྱེད་དགོས་པའི་སྐུལ་མ་བྱས་ཡོད། དེ་སྔོན་བྱུང་མྱོང་མེད་པའི་བཀོད་ཁྱབ་འདིས། རྒྱ་གར་གྱིས་མ་འོངས་བར་རྒྱ་ནག་དང་འབྲེལ་ལམ་འཛུགས་ཕྱོགས་ཐད་བསམ་གཞིགས་བསྐྱར་ནན་བྱེད་པ་མཚོན་ཡོད། ལོ་ངོ་མང་པོ་ཞིག་གི་རིང་། རྒྱ་གར་གྱི་སྲིད་དོན་པ་རྣམས་ཀྱིས་ཏཱ་ལའི་བླ་མ་མཆོག་དང་། བོད་པ་རྣམས་བེད་སྤྱོད་ཡོད་པ་ཞིག་གམ། རྡོག་མཁྲེས་ཤིག་ཆགས་ཡོད་མེད་གྱི་དྲི་བ་འདི་དྲིས་པ་རེད་ལ། རྒྱ་གར་བདེ་སྲུང་ལྷན་ཁང་གིས་བོད་དོན་ནི་བེད་སྤྱོད་ཡོད་པ་ཞིག་ཏུ་མཐོང་ཡོད་ཅིང་། རྒྱ་གར་གྱི་ཕྱི་འབྲེལ་བ་ཚོས་བོད་དོན་ནི། རྒྱ་དཀར་ནག་གི་འབྲེལ་ལམ་ལ་གནོད་པ་ཞིག་ཏུ་མཐོང་གི་ཡོད། གལ་ཏེ་གསར་ལམ་ཁག་དུ་བྱུང་བ་བདེན་པ་ཡིན་ན། ཆབ་སྲིད་ཀྱི་འགྱུར་བ་གསར་བ་དེ། གྷོ་ཁལ་གྱིས་མཚམས་སྦྱོར་བྱས་པ་ལས་བྱུང་བ་ཞིག་ཡིན། གྷོ་ཁལ་ནི་རྒྱ་གར་གྱི་པེ་ཅིན་གཞུང་ཚབ་པ་ཟུར་བ་ཡིན་ལ། དེ་སྔོན་ཁོས་རྒྱ་གར་གྱི་ཕྱི་འབྲེལ་ལྷན་ཁང་དུ་ཨེ་ཤ་ཡ་ཤར་མ་དང་། རྒྱ་ནག་སྡེ་ཚན་དུ་ལས་ཀ་བྱས་པ་རེད། གྷོ་ཁལ་གྱིས་རྒྱ་ནག་ནི་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་གཙོ་གནད་དུ་མཐོར་འདེགས་བྱེད་པ་གསལ་པོར་མཐོང་བ་ནི། ཧང་སང་དགོས་པ་ཞིག་མ་རེད། ཁོས་པེ་ཅིན་དང་། ཧོང་ཀོང་ཐའེ་པེ་བཅས་སུ་ལས་ཀ་བྱས་ཡོད་སྟབས། ཁོ་ནི་རྒྱ་ནག་གི་ཐད་ནས་རྒྱ་གར་གྱི་དབང་འཛིན་པ་གཙོ་བོ་ཞིག་ཏུ་མཐོང་བ་ཡིན། གྷོ་ཁལ་གྱིས་ལས་ཁུངས་བཟུང་རྗེས། ཁོའི་ལྟ་སྐོར་ཐོག་མ་པེ་ཅིན་དུ་བྱས་ནས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་དང་ཐུག་ཕྲད་བྱས་པ་རེད། ད་དུང་གྷོ་ཁལ་ནི་ལོ་སྔོན་མའི་འབྲོག་ལམ་གནད་དོན་ཞི་འཇགས་བྱེད་པའི་ཐད་ནས་གཙོ་གནད་མི་སྣ་ཞིག་ཡིན་པར་བཤད། ཁོས་བོད་ནི་རྒྱ་ནག་ལ་མཚོན་ན། ཐེ་གཏོགས་མི་བྱེད་པར་འཇོག་ཐབས་བྲལ་བའི་གཙོ་གནད་ཅིག་ཡིན་པར་ངོས་འཛིན་བྱེད་པ་རེད།

འབྲོག་ལམ་དོན་རྐྱེན་གྱིས་བསྟན་པ་བཞིན། རྒྱ་དཀར་ནག་གི་འབྲེལ་ལམ་ནི་ཧ་ཅང་འཇིག་སླ་པོ་ཞིག་ཡིན་ཏེ། མུ་མཐུད་གནད་དོན་མང་པོ་ཞིག་ཧ་ཅང་བསམ་ཡུལ་ལས་འདས་པའི་ངང་འབྱུང་སྲིད་པ་རེད། རྒྱ་གར་གྱི་རྒྱ་ནག་ཐད་ཀྱི་སྲིད་བྱུས་ནི། བེད་སྤྱོད་བྱེད་པ་དང་ཞི་འགྲིག་བྱེད་པའི་བར་ཡར་དཔྱང་མར་དཔྱང་བྱས་ཏེ། ༢༠༡༤ ལོར་ཞིས་ཅིན་ཕིན་རྒྱ་གར་ནང་ལྟ་སྐོར་ལ་ཡོང་སྐབས། མོ་ངྷི་སྲིད་གཞུང་དང་རྒྱ་ནག་གི་འབྲེལ་ལམ་དེ། རེ་ལྟོས་ཆེན་པོའི་ངང་འགོ་བཙུཊ་ཡོད་མོད། མི་རིང་བར་རེ་བ་དེ་ཕྱོཊ་གཉིས་ཀ་ནས་དོགས་པ་བྱས་པའི་ངང་ཡལ་བ་རེད། རྒྱ་གར་སྲིད་གཞུང་གིས་ཏཱ་ལའི་བླ་མ་མཆོག་དང་། ཀརྨ་པ་མཆོག་ཨ་རུ་ན་ཅར་མངའ་སྡེ་སྟེ། རྒྱ་ནག་གིས་བོད་ཀྱི་ལྷོ་རྒྱུད་ས་ཁུལ་དུ་ངོས་འཛིན་བྱེད་ས་དེར་ཕེབས་བཅུག་པ་ནི། རྒྱ་ནག་ལ་མཚོན་ན། ལྡི་ལི་གསར་བས་ས་མཚམས་ཀྱི་ཐད་ནས་ཕྱི་ནུར་བྱེད་ཀྱི་མིན་པའི་བརྡ་ཞིག་ཡིན། དེའི་ཐད་ནས་བོད་པ་ཚོས་རྒྱ་གར་གྱི་དམིགས་ཡུལ་གལ་ཆེན་ཞིག་འགྲུབ་དུ་བཅུག་ཡོད་ལ། ད་ལྟ་བོད་མིའི་སྒྲིག་འཛུགས་ལ་བཀའ་བཀོད་བཏང་བ་དེ་ནི། རྒྱ་གར་གྱིས་རྒྱ་ནག་དང་འགྲིག་མཐུན་ཡོང་བའི་ཆེད་བྱས་པ་ཞིག་རེད།

འོན་ཀྱང་། རྒྱ་གར་གྱི་སྲིད་དོན་པ་ཚོས། གལ་ཏེ་ཁོ་ཚོས་ཏཱ་ལའི་བླ་མ་དང་བོད་པའི་ཐད་བྱ་བ་སྒྲུབ་སྟངས་ཀྱི་ཆ་ནས་པེ་ཅིན་གྱིས་ཐག་གཅོད་ཅི་ཞིག་བྱེད་པར་འདོད་ཀྱི་ཡོད་ན། ཁོ་ཚོ་ནོར་སོང་བ་རེད། རྒྱ་ནག་ལ་མཚོན་ན་བོད་ནི་གནད་དོན་ཆུང་ཆུང་ཞིག་ཡིན་ལ། དེ་བས་རྒྱ་དཀར་ནག་གི་ཕུགས་རྒྱང་རིང་པོའི་འབྲེལ་ལམ་གྱི་ཚད་འཇལ་བྱེད་ལྟ་བུ་གནད་དོན་གལ་ཆེན་མང་པོ་ཡོད་པ་ཡིན་ཏེ། ལྷག་པར་ཏུ་དེ་ལས་གཅིག་ནི། སྲིད་འཛིན་ཞི་ཡི་སྲིད་བྱུས་གཙོ་བོ་(One Belt One Road Initiative) དལ་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་། དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་གྱི་ལས་འཆར་ལ་རྒྱ་གར་གྱིས་མོས་མཐུན་བྱས་མེད་པ་ལྟ་བུ་ཡིན། སྲིད་བྱུས་དེ་ནི་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་དང་། དམིགས་ཡུལ་ལས་བརྒལ་བའི་སྲིད་བྱུས་ཤིག་སྟེ། རྒྱ་ནག་འདི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་དྲིལ་བསྒྲགས་བྱེད་པའི་ཆེད་རེད།

བོད་པ་ཚོར་མཚོན་ན་ད་ནི་སེམས་འཚབ་ཆེ་བའི་དུས་ཤིག་ཡིན། ༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་ལོ་བགྲེས་པ་དང་། རྒྱལ་སྤྱིའི་སྟེང་གི་རྒྱ་ནག་གི་གོ་གནས་རྒྱས་ཡོད་པ་སྟེ། ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་མཉམ་འབྲེལ་བྱེད་པ་དང་། རྒྱ་རིགས་གཅིག་གི་རིང་ལུགས་ལ་མོས་མཐུན་བྱེད་པ་ཇེ་མང་དུ་གྱུར་ཡོད། དེའི་དཔེ་མཚོན་ཞིག་ནི། ཉེ་ཆར་མཱིར་སི་ཌེ་སི་བྷེན་རླངས་འཁོར་བཟོ་གྲྭས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་དུམ་ཞིག་བརྡ་ཁྱབ་དུ་བཀོད་པར་རྒྱ་ནག་ལ་དགོངས་སེལ་ཞུས་པ་ལྟ་བུ་རེད། བོད་པ་ཚོས་རྒྱ་གར་གཞུང་མང་གཉིས་ཀ་དགའ་རུ་འཇུག་རྒྱུ་ནི་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ལ། ཁོ་ཚོས་དེ་ལྟར་ཤུགས་ཆེན་པོའི་ངང་བྱེད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་། དེས་རྒྱ་གར་གྱི་སྲིད་དོན་པ་རྣམས་ལ་ནུས་པ་ཐོན་མིན་ནི། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་ཆབ་སྲིད་མི་སྣ་རྣམས་སམ། རྒྱ་གར་བདེ་འཇགས་ལྷན་ཁང་གི་སྲིད་དོན་པ་རྣམས་ཀྱིས་རྒྱལ་ཁབ་འདིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་རླངས་འཁོར་སྐོར་གྱི་ཡོད་མེད་ལ་རག་ལས་ཡོད་པ་རེད།

ཚེ་རིང་ཤཱཀྱ་ལགས་ནི། གངས་ལྗོངས་སུ་འབྱོར་བའི་འབྲུག་ཅེས་པའི་དེབ་ཀྱི་རྩོམ་པ་པོ་ཡིན། དེབ་དེ་ནི་ ༡༩༤༧ ལོ་ཚུན་བྲིས་ཡོད་པའི་བོད་ཀྱི་དེང་རབས་ལོ་རྒྱུས་ཞིག་ཡིན།

མ་ཡིག་གི་འབྲེལ་ཐག https://www.indiatoday.in/magazine/up-front/story/20180319-tibet-india-ties-china-arunachal-pradesh-dalai-lama-boycott-1185632-2018-03-09

བསྐྱར་བཅོས།: ༢༠༡༨/༠༣/༡༩

Leave a Reply

3 thoughts on “བོད་པ་ཚོའི་དཀའ་ཁག་ཅིག

  1. མཁས དབང་་ཚེ་རིང་ཤཱཀྱ་ལགས་ནས་དུས་བས྄ུན་དཔྱད་རྩོམ་འདི་འདྲ་ཞིག་མཛད་པས་རྒླ་ཆེ་ཀློག་པ་པོ་རྣམས་བློ་རྒྱ་འཕེལ་པའི་ཕན་ཐོགས་ཆེ།

  2. རྒྱ་གར་དུ་ དྭགས་པོ་བསོད་ནམས་ལགས་ཀྱི་ ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཞིག་སྤེལ་བརྩི་འདུག ཁྱེད་རྣམས་པའི་བསམ་ཚུལ་འདི་གང་མགྱོགས་མགྱོགས་ལས་འགུལ་ཚོགས་གཙོ་ལ་འབུལ་རོགས་གནང་། ལས་འགུལ་དེ་ལ་མི་སེར་འདོད་པ་མིན་འདུག་ཟེར་ནས་ཞུ་རོགས། ཐུགས་རྗེ་ཆེ།
    ང་ཚོ་བཙན་བྱོལ་གཞུང་ སླ་པོ་མ་བྱེད་རོགས། ཐུགས་རྗེ་གཟིགས། སྔ་མོ་རྒྱ་གར་ལྷོ་ཕྱོགས་རྫོངས་དཔོན་(DC)ཞིག་གི་་་ རྒྱ་གར་བཀའ་དྲིན་ཆེན་པོ་མ་རེད་ གསུངས་ཡོད། རྒྱ་དཀར་ནག་གཉིས་ཀྱི་ ང་ཚོ་བོད་པ་ one man army བརྩིས་བཞིན་ཡོད། རྒྱ་གར་ལ་ནང་པའི་བསྟན་པ་མེད་པ་ཆགས་དུས་ ལྟ་བ་རྟེན་འབྱུང་ཟེར་བ་དེ་བརླགས་ཚར་པ་རེད། དེང་སང་དུས་ལ་རྒྱ་གར་བཀའ་དྲིན་ཆེན་པོ་ངོ་ལེན་བྱེད་རྒྱུ་དཀའ་ལས་ཁག་པོ་ཡིན། དེང་སང་རྒྱ་གར་ན་ Sirf Puja, Rajnitik-Politics, Paisa-Money ལམ་དེའི་གང་ལ་རེད་ཏོ། ཧ། ཧ།

  3. གཞུང་པ་ཚེ་དབང་བསོད་ནམས་།

    དེང་སྐབས་འཛམ་གླིང་གི་འགོ་འཁྲིད་ཚོའི་ས་འབྲེལ་ལུང་པ་ཕན་ཚུན་བར་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་བཞིན་པ་ནས་རྒྱ་དཀར་བར་ས་རྩོད་ཆུ་རྩོད་ཀྱི་ཛ་དྲག་འོག་རྒྱ་དཀར་གཉིས་གཅིག་གི་གཅིག་སྲུངས་ནས་གནས་བཞིན་པའི་སྐབས་འདིར་ང་ཚོའི་གཡས་པ་ལ་སྤྱན་དང་གཡོན་པ་ལ་མིག་གི་འདུ་ཤེས་འཛིན་རྒྱུ་དེ་གཉིས་སྨན་དབུ་མའི་ལམ་དང་མཐུན་པ་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་།