འཛིན་གྲྭའི་ནང་གི་སྤྱི་ཚོགས་སེམས་སྦྱོང་གི་སློབ་གསོ།

“སེམས་དང་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་གཉིས་པའི་ཚན་པ་དང་པོ།

                                                                                             ཏིན་ཡི་ཧྥུ་དང་ལི་ཅང་ལིན་གྱིས་བརྩམས།
ལོ་མ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།

སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོ(Social Emotional Learning-SEL)ནི། ཐེངས་འདིའི་བགྲོ་གླེང་གི་བརྗོད་བྱ་གཙོ་བོ་རེད། སྐབས་འདིའི་སྤྱི་ཚོགས་རང་བཞིན་ཅན་ཞེས་བརྗོད་པ་ནི། མི་ཞིག་གིས་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ཐུན་མོང་གིས་ངོས་འཛིན་བྱེད་པའི་རིག་གནས་ཀྱི་སྒྲོམ་གཞི་ཞིག་རྨང་གཞིར་བཟུང་སྟེ། ཡིན་མིན་བརྡར་ཤ་གཅོད་པ་དང་། གནད་དོན་ཐག་གིས་གཅོད་པ། བྱ་བའི་ལས་སུ་འཇུག་པ་དེར་གོ་བ་ཡིན། གལ་སྲིད། མི་ཞིག་སྤྱི་ཚོགས་རང་བཞིན་ཅན་གྱི་ཆུ་ཚད་དེར་ཡིད་མ་ཚིམ་པ་དང་། ཡང་ན། སྤྱི་ཚོགས་རང་བཞིན་ཅན་གྱི་ནུས་པ་ཞན་ཚེ། ནམ་རྒྱུན་གྱི་འཚོ་བའི་ཁྲོད་ནས་མི་དང་མིའི་བར་གྱི་འབྲེལ་བའི་ཐད་ལ། དཀའ་རྙོག་དང་གནད་དོན་མང་པོ་ཞིག་བྱུང་སྟེ། རང་གཞན་གཉིས་ཀར་གནོད་སྐྱོན་ཐེབས་རྒྱུ་རེད། སེམས་ཁམས་སྙོམ་སྒྲིག་དང་བློ་ལ་སྟངས་འཛིན་གྱིས་མ་འདང་བའི་དབང་གིས་སྤྱི་ཚོགས་རང་བཞིན་ཅན་གྱི་ཆུ་ཚད་ཞན་པར་འགྱུར་གྱི་ཡོད། དེར་བརྟེན། སྤྱི་ཚོགས་རང་བཞིན་ཅན་དང་སེམས་ཁམས་སྙོམ་སྒྲིག་གི་ནུས་པ་སྐྱེད་སྲིང་བྱེད་པར་སློབ་སྦྱོང་དང་སྦྱོང་བརྡར་སྤྲོད་དགོས་ཤིང་། དེ་ནི་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོ་ཞེས་པ་དེ་ཡིན།

དེ་རིང་གི་བགྲོ་གླེང་གནང་མཁན་རྣམས་ནི། ལོ་མང་གི་རིང་དུ་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ཐད་ལ་ཞིབ་འཇུག་དང་ལག་ལེན་བྱེད་མཁན་གྱི་སློབ་གསོ་ཆེད་མཁས་པ་དག་རེད། བགྲོ་གླེང་གི་བརྗོད་བྱ་ནི། དེང་གི་སློབ་གྲྭའི་ནང་དུ་སེམས་སྦྱོང་སློབ་གསོ་དེ་ཇི་ལྟར་བསླབ་གཞི་རུ་འཇུག་དགོས་མིན་གྱི་སྐོར་རེད།

དེ་རིང་། ཞབས་བཀྱག་ཚ་བོའི་སྟེང་དུ་སྡོད་མཁན་དང་པོ་ནི། ཀིམ་བྷེར་ལེ-སི་ཁོ་ནེར་ཊི-རེ་ཆལ(Kimberly Schonert-Reichl)རེད། མོས་འདི་ལྟར་རང་ཉིད་ངོ་སྤྲོད་གནང་སོང་། མོ་ནི་སྔོན་ཆད་དགེ་རྒན་ཆེན་མོ་ཞིག་ཡིན་པ་དང་། ད་ལྟ་ནི་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ཐད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་པ་ཞིག་རེད། མོས་སློབ་མ ༢༧༠༠༣༤ ལ་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ཐད་ནས་ཞིབ་འཇུག་དོན་ཚན ༢༡༣ གནང་འདུག་སྟེ། མི་རྣམས་ཀྱིས་དགའ་མགུ་ཡི་རང་བྱེད་དགོས་པའི་གྲུབ་དོན་ཁ་ཤས་རྙེད་འདུག ཞིབ་འཇུག་ལྟར་ན། འཛིན་གྲྭའི་ནང་གི་སྤྱི་ཚོགས་རང་བཞིན་དང་སེམས་སྦྱོང་སློབ་གསོ་ཡིས་སློབ་མའི་སེམས་ཁམས་སྙོམས་སྒྲིག་བྱེད་པ་དང་། མི་དང་མིའི་བར་གྱི་གནད་དོན་སེལ་བའི་ནུས་པ་བཅས་ཀྱི་ཐད་ལ་མངོན་གསལ་དོད་པོས་ཕན་ཐོགས་ཀྱི་ཡོད་པ་ར་འཕྲོད་འདུག དེ་བས་ན། རྒྱལ་ཁབ་རྣམས་ཀྱི་སློབ་གསོ་ལས་གནས་པ་ཚོས་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ཕྱོགས་ལ་ཉིན་རེ་ནས་ཉིན་རེར་ཧ་ཅང་མཐོང་ཆེན་གནང་གི་འདུག ད་ལྟ་རྒྱལ་ཁབ ༣༤ ན་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་སྐོར་ལ་ཚོད་ལྟ་དང་ཞིབ་འཇུག་གནང་གི་འདུག དཔེར་ན། ༢༠༠༡ ལོར་ཨ་རིའི་མངའ་སྡེ་གསུམ་ཙམ་གྱི་སེམས་སྦྱོང་སློབ་གསོའི་ཐད་ལ་ཚོད་ལྟ་བྱེད་ཀྱི་ཡོད་ཅིང་། དེ་ནས། ༢༠༠༧ ལོར་བསླེབས་དུས། མངའ་སྡེ་ཕྱེད་ཀ་ལས་ལྷག་གི་སློབ་གྲྭའི་ནང་དུ་སེམས་སྦྱོང་སློབ་གསོ་དེར་སློབ་སྦྱོང་གནང་གི་འདུག སློབ་གསོའི་བསླབ་གཞི་གསར་པའི་ཁྲོད་དུ། བྱིས་པའི་སེམས་ཀྱི་ནུས་པར་སྦྱོང་བརྡར་སྤྲོད་པའི་ཐད་ནས། སྤྱི་ཚོགས་རང་བཞིན་ཅན་དང་སེམས་ལ་བདག་གཅེས་བྱེད་པའི་སློབ་གསོའི་ཆ་དེ་འཇུག་གི་ཡོད།

སློབ་གྲྭའི་ནང་གི་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོ་དེ་ནི་ད་དུང་རྣམ་པ་གསར་པ་ཞིག་ཡིན་སྟབས། དེ་ལ་ཞིབ་འཇུག་དང་ཚོད་ལྟ་བྱེད་དགོས་ཀྱི་ཡོད། ཁ་ན་ཌ་རྒྱལ་ཁབ་ཀྱི་ནང་དུ། དགེ་རྒན་ཆིག་སྟོང་ལྷག་ལ་སེམས་སྦྱོང་སློབ་གསོ་དེའི་ཐད་ལ་སྦྱོང་བརྡར་སྤྲད་འདུག་ཅིང་། ད་དུང་། སློབ་མ་ཚོར་ཡང་དབུགས་དབྱིན་རྔུབ་ཀྱི་སྒོམ་རྒྱག་སྟངས་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཉན་ཐབས། སེམས་ཀྱི་གནོན་ཤུགས་ཇི་ལྟར་སེལ་དགོས་མིན་གྱི་སྐོར། གཞན་ལ་བརྩི་བཀུར་དང་འབྲེལ་བ་ལེགས་པར་འཛིན་པའི་ནུས་པའི་ཐད་ནས་ཀྱང་སློབ་གསོ་གནང་འདུག ནུས་པ་དེ་དག་གིས་སློབ་མའི་སྤྱི་ཚོགས་རང་བཞིན་ཅན་གྱི་ནུས་པ་དེ་མཐོར་འདེགས་བྱེད་ཐུབ་ཀྱི་ཡོད།

དེའི་རྗེས་ཀྱི་ཞབས་བཀྱག་ཚ་བོའིོ་སྟེང་དུ་སྡོད་མཁན་ནི། སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོ་ལ་སློབ་སྦྱོང་བྱེད་མཁན་གྱི་བུད་མེད་གཉིས་རེད། གཅིག་ནི། གླང་རི-སོ་ཧྥེ(Sohpie Langri)དང་། ཅིག་ནི་ཏ་ར-ཝལ་ཀི(Tara Wilkie)རེད། དེ་བས། ཏཱ་ལའི་བླ་མ་མཆོག་གི་འགྲམ་དུ་ཞབས་བཀྱག་གཉིས་ཁོང་རྣམ་གཉིས་ལ་གྲ་སྒྲིག་བྱས་འདུག ཁོང་གཉིས་ཀྱིས་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོ་ལག་ལེན་གནང་བའི་སྐོར་ནས༸སྐུ་མདུན་ལ་སྙན་གསེང་ཞུས།

ཁོང་རྣམ་པ་གཉིས་ཀྱི་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ལས་གཞི་ནི། ལོ་ན་ལྔར་སོན་པའི་བྱིས་པར་དམིགས་ཏེ་བསྒྲུབས་པ་ཞིག་རེད། དེ་ཡང་། ལོ་ལྔར་སོན་པའི་བྱིས་པས་འཛིན་གྲྭའི་ནང་ནས་རང་ཉིད་ཀྱི་མྱོང་ཚོར་ལ་ཇི་ལྟར་ངོས་འཛིན་དང་སྙོམ་སྒྲིག་བྱེད་པ། མིའི་འབྲེལ་བའི་ཐད་ལ་བྱུང་བའི་དཀའ་ངལ་རྣམས་ཇི་ལྟར་སེལ་དགོས་པའི་སྐོར་ལ་སློབ་སྦྱོང་བྱེད་པའི་ལས་གཞི་ཞིག་རེད། ཁོང་གཉིས་ཀྱིས་ལས་གཞི་དེ་ཞིབ་ཚགས་པའི་སྒྲོམ་གཞི་གསུམ་དུ་བགོས་འདུག་ཅིང་། དེ་ཡང་། ང་(Me)དང་། ཁྱོད།(You) ང་ཚོ།(Us) བཅས་རེད། སྒྲོམ་གཞི་དང་པོའི་ནང་དུ། བྱིས་པ་ཚོར་རང་ཉིད་ཀྱི་མྱོང་ཚོར་ངོས་འཛིན་བྱེད་པར་སྦྱོང་བརྡར་སྤྲོད་པ་དང་། ཡང་ན། རང་ཉིད་ངོས་ཟིན་བྱེད་པ། དེ་ནས་རང་ཉིད་ལ་སྙོམ་སྒྲིག་བྱེད་པའི་སྦྱོང་བརྡར་སྤྲོད་ཀྱི་ཡོད། སྒྲོམ་གཞི་གཉིས་པའི་ནང་དུ། བྱིས་པ་ཚོར་གཞན་ལ་ངོ་ཤོས་དང་། རྒྱུས་ལོན་གནང་སྟེ། གཞན་གྱི་དཀའ་རྙོག་སེལ་བའི་ཐད་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད། སྒྲོམ་གཞི་གསུམ་པའི་ནང་དུ། བྱིས་པར་འགན་འཁྲི་དང་ལྡན་པའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་པའི་ནུས་པའི་ཐད་ནས་སྦྱོང་བརྡར་སྤྲོད་པར་མ་ཟད། བྱིས་པར་རང་དང་གཞན་ནི་ཕན་ཚུལ་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་ཡོད་པ་ཤེས་སུ་འཇུག་གི་ཡོད། སྒྲོམ་གཞི་འདི་གསུམ་ཀའི་ཁྲོད་དུ། བསམ་བློའི་ཆ་དང་། སྤྱོད་པའི་ཆ་གཉིས་ཀ་འདུས་ཡོད་ཅིང་། ཡང་གཅིག་བཤད་ན། བྱིས་པའི་གོ་རྟོགས་སད་རྗེས། ལག་ལེན་བྱེད་དུ་འཇུག་གི་ཡོད། ཡང་ན་ལས་སླ་བོ་བཤད་ན། ཤེས་པའི་རྗེས་ནས་སྒྲུབ་དུ་འཇུག་གི་ཡོད།

བྱེད་ཐབས་དེ་དག་ནི་ཧ་ཅང་རྙོག་འཛིང་དང་ལྡན་པ་ཞིག་རེད། ལོ་ལྔར་སོན་པའི་བྱིས་པ་ནི་ཅི་ཙམ་ཆེ་ནའང་། ད་དུང་ཡིག་ངོ་མི་ཆོད་པས། ཁོ་ཚོས་དེ་དག་སྒྲུབ་ཐུབ་ཀྱི་ཡོད་དམ།

སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ཆེད་མཁས་པ་རྣམས་ཀྱིས་དོན་སྙིང་ལྡན་པའི་སློབ་ཁྲིད་ཀྱི་བཀོད་ཆས་ཤིག་བསྐྲུན་འདུག དཔེར་ན། སྒྲོམ་གཞི་དང་པོའི་ནང་གི་རང་ཉིད་ངོས་འཛིན་དང་རང་ཉིད་སྙོམ་སྒྲིག་བྱེད་པའི་ཁྲོད་དུ། ཁོ་ཚོས་རི་མོ་ཆུང་ཆུང་དེ་འདྲ་མང་པོ་ཞིག་གྲ་སྒྲིག་གནང་འདུག་ཅིང་། རི་མོ་ཅན་གྱི་ཤོག་ངོས་གཅིག་ཏུ “ངས་ཚོར…” ཞེས་བྲིས་ཏེ། མྱོང་ཚོར་འདྲ་མིན་གྱི་རྣམ་པ་བཀོད་འདུག དེར་བརྟེན། ལོ་ལྔར་སོན་ཅིང་ཡིག་ངོ་མི་ཆོད་པའི་བྱིས་པས་རང་ཉིད་ཀྱི་མྱོང་ཚོར་གང་ཞིག་ཡིན་པ་དེ་རི་མོ་དེ་དག་གི་སྟེང་ནས་བཙལ་ཏེ་སྟོན་བཞིན་ཡོད་ཅིང་། དཔེར་ན། ཁོང་ཁྲོ་དང་། སྐྱོ་བ། དགའ་བ་སོགས་ཀྱི་མྱོང་ཚོར་རྣམས་རི་མོ་དེ་དག་གི་སྟེང་ནས་བཙལ་ཏེ་སྟོན་པ་དང་། དེ་ལྟར་བྱེད་པར་སྦྱོང་བརྡར་ཡང་སྤྲོད་ཀྱི་ཡོད། དེ་ནས། རི་མོ་ཅན་གྱི་ཤོག་ངོས་གཞན་ཞིག་ཏུ། “ང་ལ་དགོས…” ཞེས་བྲིས་ཏེ། བྱིས་པར་རང་ཉིད་ལ་གང་ཞིག་དགོས་པ་དེ་བཙལ་ནས་སྟོན་དུ་འཇུག་གི་ཡོད། དཔེར་ན། ང་རང་གིས་རྡུང་ན་འདོད་ཀྱི་འདུག ང་རང་གཞན་དང་མཉམ་དུ་རྩེད་མོ་རྩེ་ན་འདོད། ང་རང་ངུ་ན་འདོད་ལྟ་བུ་སོགས་ཀྱི་རི་མོ་ཡོད། དེ་ནས། བྱིས་པས་ཤོག་ངོས་ཀྱི་རི་མོ་དེ་དག་ལ་བལྟས་ཏེ། རང་ཉིད་ཀྱི་མྱོང་ཚོར་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། མྱོང་ཚོར་དེའི་དབང་གིས་རང་ཉིད་ཀྱིས་ཡ་ལན་ཅི་ཞིག་སྟོན་བཞིན་པའང་ཤེས་ཐུབ་ཀྱི་ཡོད། དེ་ནས་རིམ་གྱིས་དེ་འདྲའི་ཡ་ལན་དེ་ལ་སྙོམས་སྒྲིག་ཀྱང་གནང་ཐུབ་ཀྱི་ཡོད།

ལོ་ན་ཅུང་ཆེ་བའི་བྱིས་པ་ཚོའི་ཆེད་དུ་ཤོག་ཐོག་ཏུ་རི་མོ་ཡོད་པར་མ་ཟད། ད་དུང་རི་མོ་དེ་དང་འབྲེལ་བའི་ཐ་སྙད་ཀྱང་འདུག དཔེར་ན། ཁོང་ཁྲོ། སྐྱོ་བ། ཁེར་རྐྱང་། འགྱོད་པ་སོགས་ལྟ་བུ་རེད། སྐབས་འདིར་བྱིས་པ་ལ་ཡིག་ངོ་ཆོད་པའི་ནུས་པ་ཡོད་སྟབས། ཡི་གེ་ལ་བརྟེན་ནས་རང་ཉིད་ཀྱི་མྱོང་ཚོར་ངོས་འཛིན་བྱེད་ཀྱི་ཡོད། འདིས་བྱིས་པ་ལ་བསམ་གཞིག་གི་ནུས་པ་ངེས་ཅན་ཞིག་ལྡན་ཡོད་པ་གསལ་སྟོན་གནང་གི་ཡོད། དེ་ཡང་། “ངས་ཚོར…”དང “ང་ལ་དགོས…” བར་གྱི་ངོས་འཛིན་གྱི་གོ་རིམ་དེ་ནི། རིགས་ཤེས་ཀྱི་ནུས་པ་ཞིག་ཡིན། སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོ་འདི་ལ་བློ་རྩེ་གཅིག་ཏུ་འཇོག་པའི་སྦྱོང་བརྡར་ཡང་འདུས་ཤིང་། བློ་རྩེ་གཅིག་གི་ནུས་པར་བརྟེན་ནས་མྱོང་ཚོར་ལ་སྟངས་འཛིན་དང་ངོས་འཛིན་བྱེད་ཀྱི་ཡོད། སེམས་སྦྱོང་སློབ་གསོ་འདིའི་མཐའ་མའི་དམིགས་ས་ནི། མིའི་འབྲེལ་བ་ལེགས་པར་འཛིན་ཐུབ་པའི་ནུས་པ་དང་། འགན་འཁྲི་དང་ལྡན་པའི་སྤྱི་དམངས་ཀྱི་གཤིས་སྤྱོད་ཅིག་སྐྱེད་སྲིང་བྱ་རྒྱུ་དེ་རེད།ཏཱ་ལའི་བླ་མ་མཆོག་གིས་ཁོང་རྣམ་གཉིས་ཀྱིས་དཀའ་སྤྱད་འབད་བརྩོན་གནང་སྟེ་སེམས་སྦྱོང་སློབ་གསོའི་ཐད་ལ་ཞིབ་འཇུག་དང་ལག་ལེན་བྱས་པར་ཧ་ཅང་ཡི་རང་དང་བསྔགས་བརྗོད་གནང་ཞིང་། དེ་ནས་ཁོང་གིས་འདི་ལྟར་གསུངས། “ང”ནས “ཁྱོད”ལ་ངོས་འཛིན་བྱེད་པ་དང་། དེ་ནས “ང་ཚོ” ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། བྱིས་པར་འདི་ལྟ་བུའི་སློབ་གསོ་སྤྲད་དེ་གསོ་སྐྱོང་གནང་དགོས་པ་ནི། ཧ་ཅང་གལ་ཆེན་པོ་ཞིག་རེད་ལ། སྤྱིར་མིའི་རིགས་ལ་འདི་ལྟ་བུའི་ངོས་འཛིན་བྱེད་སྟངས་ཤིག་དགོས་ཀྱི་འདུག ད་དུང་ཁོང་གིས་དེང་སྐབས་འཛམ་བུ་གླིང་ལ་དཀའ་ངལ་སྣ་ཚོགས་ཤིག་ཡོད་ཅིང་། དཀའ་ངལ་དེ་དག་ནི་མིའི་བསམ་བློ་གཏོང་སྟངས་ལ་འབྲེལ་བ་དམ་ཟབ་ཡོད་པར་ཡང་གསུངས། ཁོང་གི་དགོངས་པ་ལྟར་ན། ད་ལྟ་འཛམ་བུ་གླིང་གི་གནས་སྟངས་ཉག་ཕྲའི་སྐབས་འདིར། དེ་ལྟ་བུའི་ངོས་འཛིན་བྱེད་སྟངས་དེ་ཁྱབ་སྤེལ་བྱས་ཏེ། མི་མང་པོ་ཞིག་ལ་གནད་དོན་དེ་ལྟར་སེལ་དགོས་པར་བྱེད་དགོས་ཤིང་། ཁྱད་པར་དུ། དུས་ཡུན་རིང་པོར་དཀའ་སྡུག་གི་ཁྲོད་དུ་གནས་པའི་ས་ཁུལ་ནས་དེ་ལྟར་བྱེད་དུ་འཇུག་དགོས་ཀྱི་འདུག ཡང་ཁོང་གིས་འདི་ལྟར་གསུངས། མི་ཚེའི་ཁྲོད་ན་མཛའ་མཐུན་དང། འཚོ་བའི་ཁྲོད་དུ་གྲོགས་པོ་ཡོད་ན། འཚོ་བར་བདེ་སྐྱིད་ལྡན་ཡོང་། འདི་ནི་ས་ཕྱོགས་གང་དུ་ཡོད་པའི་མི་ཚང་མར་གཅིག་མཚུངས་ཤིག་ཡིན། དེར་བརྟེན། ང་ཚོས་རྣམ་དཔྱོད་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་དང་བྱ་དངོས་ཀྱི་ངོ་བོ་ཤེས་པར་བྱེད་དགོས། ཁྱོད་ཚོས་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོ་ལག་ལེན་བསྟར་བ་ནི། བྱིས་པའི་སློབ་གསོའི་ངོས་ཐད་ནས་འཛམ་བུ་གླིང་གི་དཀའ་སྡུག་གི་གནད་དོན་དག་ལ་ལན་འདེབས་གནང་བ་ཞིག་རེད།

ཏཱ་ལའི་བླ་མ་མཆོག་གི་དགོངས་འཆར་དེ་ནི། གཏན་ཚིགས་དང་རྒྱུ་མཚན་གྱིས་ཁེངས་ཡོད་པ་ཞིག་ཡིན་པར་མ་ཟད། ཚོར་ཤུགས་ཀྱིས་ཕྱུག་པ་ཞིག་ཀྱང་རེད། ཏཱ་ལའི་བླ་མ་མཆོག་རང་ཡུལ་དང་བྲལ་ཏེ་བཙན་བྱོལ་དུ་འབྱོར་ནས་ཧ་ལམ་དུས་རབས་ཕྱེད་ལྷག་འགོར་གྱི་ཡོད་ཅིང་། ཁོང་གིས་རང་ཉིད་ཀྱི་མི་ཚེའི་ཆ་ཤས་མང་པོ་ཞིག་བཙན་བྱོལ་བོད་མི་ཚོའི་དབུ་ཁྲིད་པ་དང་དཀའ་སྡུག་སེལ་བའི་ཕྱོགས་ལ་བཏང་ཡོད། ཕྱི་ཕྱོགས་ནས་བོད་མི་ཚོ་བཙན་ལ་བྱོལ་དགོས་པའི་དེ་འདྲའི་དཀའ་སྡུག་ཅིག་སྤྲད་པའི་འབྱུང་རྩ་ནི། ཕྱི་མི་ཁ་ཤས་ཀྱི་བསམ་བློ་གཏོང་ཕྱོགས་ལ་ནོར་འཁྲུལ་བྱུང་བས་ཡིན་ཞིང་། གལ་སྲིད། མི་རྣམས་ལ་བྱ་དངོས་ཐམས་ཅད་ཀྱི་དངོས་ཡོད་གནས་ཚུལ་ཤེས་པའི་རྣམ་དཔྱོད་ལྡན་ཞིང་། རྣམ་དཔྱོད་དེ་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་དེ་ཤེས་ཚེ། བཙན་བྱོལ་བོད་མིའི་དཀའ་སྡུག་དེ་སེལ་ཐུབ་རྒྱུ་རེད། དེར་བརྟེན། ཏཱ་ལའི་བླ་མ་མཆོག་གིས་ནམ་རྒྱུན་བཙན་བྱོལ་མི་དམངས་ཡོངས་ལ་ནམ་ཡང་རེ་བ་བརླག་མི་རུང་བའི་བསླབ་བྱ་གནང་གི་ཡོད།

ཁོང་གིས་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ཐད་ལ་དགོངས་འཆར་གནང་རྗེས། དཔེ་མཚོན་ཞིག་གསུངས་སོང་། དེ་ཡང་། ལོ་ཁ་ཤས་སྔོན་ལ། ཁོང་ཨི་ཟི་རི་ལ་ཕེབས་པའི་སྐབས་ཀྱི་གནས་ཚུལ་ཞིག་རེད། སྐབས་དེར། ཨེ་ཟི་རི་ཡི་འཇིའུ་ཚོགས་པ་ཞིག་གིས་ཁོང་ལ་དེ་གའི་གནས་སྟངས་ངོ་སྤྲོད་གནང་བ་དང་། དེའི་རྗེས་ནས། པ་ལི་སི་ཐན་གྱི་མི་སྣས་ཀྱང་དེ་གའི་གནས་སྟངས་ངོ་སྤྲོད་གནང་། ཁོ་ཚོ་ཕྱོགས་གཉིས་ཀས་ས་གནས་གཅིག་དང་དུས་སྐབས་གཅིག་གི་གནས་སྟངས་ཤིག་ངོ་སྤྲོད་གནང་ནའང་། ཕྱོགས་གཉིས་ཀའི་ངོ་སྤྲོད་དེར་གནམ་ས་ལྟ་བུའི་ཁྱད་པར་ཤོར། རྗེས་ནས། ༸སྐུ་མདུན་ཚོགས་སྡེ་ཆུང་ཆུང་ཞིག་ཏུ་ཐུག་འཕྲད་གནང་ཞིང་། དེ་རུ་འཇིའུ་བྱིས་པ་དང་། པ་ལི་སི་ཐན་གྱི་བྱིས་པ་གཉིས་ཀ་འདུག་ཀྱང་། ཕན་ཚུན་གྱི་འབྲེལ་འདྲིས་ལ་མཐུན་ལམ་དང་ལྡན་པ་ཞིག་ཡིན་པར་མཐོང་། དེ་ནས། ཁོང་གིས་ཁོ་ཚོར་འདི་ལྟར་བཤད་པ་ཡིན་གསུངས། ཁྱོད་ཚོ་ད་དུང་ལོ་ན་ཆུང་ཡང་། རེ་བའི་ས་བོན་ཡིན། ཨེ་ཟི་རི་དང་པ་ལི་སི་ཐན་གྱི་གནད་དོན་དེ་ནི། སྲིད་གཞུང་གཉིས་ཀྱི་གནད་དོན་ཞིག་མིན་ཞིང་། དེ་ནི་མི་མང་པོ་ཞིག་འཚོ་བ་དང་འབྲེལ་བའི་གནད་དོན་ཞིག་ཡིན། ཁྱོད་ཚོ་གང་ལྟར་ངེས་པར་དུ་ལྷན་དུ་འདུག་དགོས་སྟབས། མཐུན་ལམ་དང་ལྡན་པའི་སྒོ་ནས་གནས་ན་ལེགས་ཤིང་བཟང་པོ་ཞིག་ཡིན།

མུ་འགོད། 

མ་ཡིག་ཧྲིལ་པོའི་འབྲེལ་ཐགhttp://xizang-zhiye.org/2018/03/%E7%AC%AC33%E5%B1%8A%E5%BF%83%E6%99%BA%E4%B8%8E%E7
%94%9F%E5%91%BD%E7%A0%94%E8%AE%A8%E4%BC%9A%E7%AC%AC%E4%BA%8C%E5%
A4%A9%EF%BC%9A%E8%AF%BE%E5%A0%82%E9%87%8C%E7%9A%84%E7%A4%BE%E4%
BC%9A%E5%8C%96%E5%92%8C/

བསྐྱར་བཅོས།: ༢༠༡༨/༠༣/༢༢

Leave a Reply