བོད་ནང་གི་པར་རིས་འགྲེམས་སྟོན་གནང་།

གློག་བརྙན་བཟོ་སྐྲུན་པ་ལྕམ་སན་ཌི་ར་ཌོལ་ནེ་ལགས་ཐེངས་ ༦ ལ་བོད་ནང་ཕྱིན་པའི་པར་རིས་འགྲེམས་སྟོན་དང་སྦྲགས་མོ་རང་གིས་བོད་ཀྱི་གནས་སྟངས་གཞིར་བཞག་པའི་བྱམས་པ་དང་གདོང་ལེན་གྱི་གློག་བརྙན་གསུམ་བཟོ་ཡི་ཡོད་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ། ཧྥ་རན་སི་དང་ཨི་ཊ་ལིའི་གློག་བརྙན་བཟོ་སྐྲུན་པ་དང་པར་བ་ལྕམ་སན་ཌི་ར་ཌོལ་ནེ་(Sandra Dolani)ལགས་ཀྱིས། མོ་རང་བོད་ནང་ཐེངས་ ༦ ཕྱིན་ཏེ་ཁམས་ལི་ཐང་ཕྱོགས་ནས་བརྒྱབས་པའི་པར་རིས་ཁག་ཅིག་འགྲེམས་སྟོན་གནང་སོང་།

འགྲེམས་སྟོན་དབུ་འབྱེད་ཐོག་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་ཀྱི་ཐོག་རྒྱ་ནག་གཞུང་ནས་དམ་དྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་པ་བོད་མི་ཚོས་ཤེས་ཀྱི་ཡོད་ཀྱང་། ཐེངས་འདིའི་འགྲེམས་སྟོན་འདི་ནི་བོད་ནང་གི་གནས་སྟངས་ཐད་ཕྱི་གླིང་གི་པར་བ་ཚོས་བློ་གཟུར་དུ་གནས་ཏེ་བརྒྱབས་པའི་པར་རིས་སྒྱུ་རྩལ་འགྲེམས་སྟོན་བྱས་པ་ཞིག་ཆགས་ཡོད་སྐོར་དང་། ཡང་འགྲེམས་སྟོན་དེ་ནི་ལི་ཐང་ཁོ་ན་ཙམ་མ་ཡིན་པར་བོད་ཁུལ་སྤྱིའི་གནས་སྟངས་འགྲེལ་བརྗོད་བྱས་པ་ཞིག་མཚོན་གྱི་ཡོད་སྐོར་སོགས་བརྗོད་སོང་།

པར་བ་ལྕམ་སན་ཌི་ར་ལགས་ཀྱིས་གསར་འགོད་པར། ཐེངས་འདིའི་པར་རིས་སྒྱུ་རྩལ་འགྲེམས་སྟོན་འདི་ནི་ཆེད་དུ་བཞུགས་སྒར་ཁུལ་གྱི་བོད་མི་ཚོར་དམིགས་ཏེ་འགྲེམས་སྟོན་བྱས་པ་ཞིག་ཡིན། དོན་དངོས་ཐོག་ང་ནི་གློག་བརྙན་བཟོ་སྐྲུན་པ་ཞིག་ཡིན་པ་ལས་པར་བ་ཞིག་མིན་ལ། ད་ལྟའི་ཆར་ངས་བྱམས་པ་དང་གདོང་ལེན་གྱི་སྐོར་ལ་བོད་པའི་གནས་སྟངས་གཞིར་བཞག་ཐོག་གློག་བརྙན་གསུམ་བཟོ་ཡི་ཡོད། དེ་དག་གི་འབྱུང་རྩ་ཡང་ང་རང་བོད་ནང་ཕྱིན་པའི་བརྒྱུད་རིམ་ཁྲོད་ནས་རྙེད་སོང་། ཞེས་བརྗོད་སོང་།

འགྲེམས་སྟོན་བྱས་པའི་པར་རིས་རྣམས་ཀྱི་སྟེང་ཕྱི་ལོ་ ༢༠༠༨ རྗེས་སུ་བོད་མི་ཚོའི་གནས་སྟངས་ལ་འགྱུར་བ་ཕྱིན་པ་དང་འཇིགས་སྣང་ཇེ་ཆེ་རུ་སོང་བ། དེ་བཞིན་རྒྱ་ནག་གཞུང་ནས་གསང་བའི་ཐོག་དམ་དྲགས་ཇེ་ཆེར་སོང་བ་སོགས་ཀྱི་གནས་ཚུལ་བཀོད་འདུག

ལྕམ་སན་ཌི་ར་ལགས་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པས་ཡུ་རོབ་ནང་བོད་དོན་ཁྱབ་བསྒྲགས་སོགས་གནང་བཞིན་ཡོད་པ་དང་། མོ་རང་བོད་ནང་ཐེངས་འགར་ཕྱིན་པའི་བརྒྱུད་རིམ་ཁྲོད་རྒྱ་ནག་གཞུང་ནས་དོགས་ཟོན་དང་འདྲི་གཅོད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་མྱོང་ཡོད་པ་མ་ཟད། མོ་རང་གི་ཨ་ཕ་ཡང་བོད་ནང་ཐེངས་མང་བསྐྱོད་དེ་བོད་མིའི་དངོས་ཡོད་གནས་སྟངས་སྐོར་ལ་པར་མང་པོ་བརྒྱབས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༢༣

Leave a Reply