རྒྱལ་སྤྱིའི་སྙན་ངག་གི་ཉིན་མོ་སྲུང་གཙི་གནང་།

རྒྱལ་སྤྱིའི་སྙན་ངག་གི་ཉིན་མོ་དང་བསྟུན་རྩོམ་པ་པོ་ཁ་སྒང་བསམ་གཏན་རྒྱ་མཚོའི་སྙན་དེབ་གསར་པ<<སྨག་རིམ་ཁྲོད་ཀྱི་རོལ་དབྱངས།>>ཞེས་པའི་སྙན་དེབ་ཅིག་དབུ་འབྱེད་གནང་།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོར། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་དང་མཉམ་དུ་འདི་ལོའི་རྒྱལ་སྤྱིའི་སྙན་ངག་གི་ཉིན་མོ་སྲུང་གཙི་གནང་ཡོད་པ་དང་། མཛད་སྒོའི་ཐོག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་རྩོམ་སྒྲིག་དང་དཔར་སྐྲུན་བྱས་པའི་ཁ་སྒང་བསམ་གཏན་རྒྱ་མཚོའི་སྙན་དེབ་<<སྨག་རིམ་ཁྲོད་ཀྱི་རོལ་དབྱངས>>ཞེས་པ་སྐུ་མགྲོན་གཙོ་བོ་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤེར་བློ་གྲོས་ལགས་གཉིས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད།

ཐོག་མར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཛིན་སྐྱོང་དྲུང་ཆེ་ཉི་མ་འཚོ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། རྒྱལ་རབས་སློབ་དཔོན་སྟོབས་ལགས་གཙོས་དགེ་ལས་སློབ་ཕྲུག་དང་། སྙན་ངག་གྱེར་འདོན་པ་ཐུན་མོང་ལ་འཚམས་འདྲི་དང་བཅས་ཏེ་རྒྱལ་སྤྱིའི་སྙན་ངག་གི་ཉིན་མོའི་བྱུང་བ་དང་སྙན་ངག་གི་ཉིན་མོའི་བྱེད་སྒོ། སྙན་ངག་གི་ཉིན་མོའི་ཐོབ་ཐང་། སྙན་ངག་གི་ཉིན་མོའི་རྒྱབ་ལྗོངས། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ནས་ཉིན་མོ་འདི་སྲུང་གཙི་བྱེད་དགོས་པའི་དམིགས་ཡུལ་བཅས་ངོ་སྤྲོད་གནང་།

དེའི་རྗེས་སྙན་ངག་གྱེར་འདོན་ཁག་དྲུག་རིམ་པར་མགོ་འཛུགས་ཏེ། གྱེར་འདོན་པ་ཟུངས་ཁྲག་གིས་“བཙན་པོའི་སྙིང་སྟོབས་གང་ན་ཡོད།”དང་། གྱེར་འདོན་པ་ལི་ཐང་དབྱིག་གཉེན་གྱིས་“དོ་ནུབ། ང་ཕ་ཡུལ་རྩྭ་ཐང་ན་ཡོད། ” སྙན་ངག་གྱེར་འདོན་པ་སྨིན་སྣང་མཛེས་ཀྱིས་“ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི་རྡོ་ཐེམ།”། དགེ་འདུན་མཚོ་དང་། ཤ་བོ་འཚོ་གཉིས་ཀྱིས་མཉམ་གྱེར་སྙན་ངག་“ཁྱོད་ཡོད་པས་ང་ཧ་ཅང་དྭངས།”དབྱིན་དགེ་ཨ་རི་བ་ཧཱོ་ཁེན་ལགས་ཀྱིས་སྙན་ངག་“རང་ལུས་མེར་སྲེག་”དང་“ཁྱོད་དང་འཕྲད་དུས་”གཉིས་གྱེར་འདོན་གནང་།

མཇུག་ཏུ་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤེར་བློ་གྲོས་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གྲུབ་མཚམས། སྙན་ངག་པ་ལི་ཐང་དབྱིག་གཉེན་ལགས་ཀྱིས “རྩྭ་ཐང་གི་འཁྲེང་སེམས”ཞེས་པའི་གླུ་གཞས་ཤིག་བླངས་ཏེ། རྒྱལ་སྤྱིའི་སྙན་ངག་གི་ཉིན་མོ་སྲུང་གཙི་ཡོངས་སུ་མཇུག་བསྡུས་ཡོད་པ་རེད།

པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ནས་གནས་ཚུལ་མཁོ་སྤྲོད་གནང་།

བསྐྱར་བཅོས།: ༢༠༡༨/༠༣/༢༤

Leave a Reply