སུ་ཇཱ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༣༢ འཁོར།

སུ་ཇཱ་བོད་ཁྱིམ་སློབ་གྲྭར་མཚོན་ན་འདས་པའི་ལོ་རྒྱུས་ནང་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ལ་ཡིག་ཚད་མ་འཕྲོད་པའི་གནས་ཚུལ་གཅིག་ཀྱང་བྱུང་མྱོང་མི་འདུག་ཅེས་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་༩ སྟེང་སུ་ཇཱ་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ ༣༢ འཁོར་བའི་དུས་དྲན་མཛད་སྒོ་ཞིག་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་ཚོགས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཁྱིམ་དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་ཕུན་ཚོགས་རྣམ་རྒྱལ་ལགས་དང་། དམིགས་བསལ་སྐུ་མགྲོན་བོད་ཁྱིམ་ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་ཆོས་ལགས་གཉིས་ཀྱི་གཙོས་ས་གནས་མགོ་འཛིན་རྣམ་པ་དང་། སློབ་གྲྭ་ཁག་ཅིག་གི་སློབ་སྤྱི་རྣམ་པ། ཕྱི་ལོ་༢༠༠༨ ལོའི་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བ་མཐར་ཕྱིན་པའི་སློབ་ཟུར་ ༢༠ ལྷག་ཅིག་དང་དགེ་ལས་སློབ་ཕྲུག་ཚང་མ་བཅས་ཁྱོན་མི་གྲངས་ ༡༣༠༠ ལྷག་ཅིག་འཛོམས་འདུག མཛད་སྒོའི་ཐོག་མར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་རྣམ་གྲོལ་བཀྲ་ཤིས་ལགས་ཀྱིས་སུ་ཇཱ་བོད་ཁྲིམ་སློབ་གྲྭ་ངོ་སྤྲོད་དང་གསུང་བཤད་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་ལགས་དང་སུ་ཇཱ་སློབ་གྲྭའི་ངེས་སྟོན་པ་གཉིས་ནས་ཆེད་དུ་བཅར་བའི་སློབ་ཟུར་རྣམས་ལ་འཚམས་འདྲིའི་མཇལ་དར་དང་དྲན་རྟེན་ཕྱག་རྟགས་བཅས་གནང་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་ལགས་ཀྱི་གསུང་བཤད་གནང་སྐབས། དེ་རིང་ནས་སུ་ཇཱ་བོད་ཁྲིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༣༢ འཁོར་འགྲོ་ཡི་ཡོད་པ་རེད་ལ། ལོ་ངོ་༢༣ ཀྱི་འདས་པའི་ལོ་རྒྱུས་ནང་སུ་ཇཱ་བོད་ཁྲིམ་སློབ་གྲྭར་དཀའ་ངལ་ཆེན་པོ་བྱུང་བའི་གནས་ཚུལ་ཡོད་པ་རེད་ལ། དེ་བཞིན་མེ་ཏོག་བཞིན་བཞད་དེ་ཡག་པོ་བྱུང་བའི་གནས་ཚུལ་རབ་དང་རིམ་པ་ཡོད་པ་རེད། སུ་ཇཱ་བོད་ཁྱིམ་སློབ་གྲྭར་མཚོན་ན། བོད་ཁྱིམ་སློབ་གྲྭ་ཁག་གཅིག་པུའི་ནང་ཙམ་མ་ཡིན་པར་བོད་པའི་སྤྱི་ཚོགས་ནང་ལ་གཟེངས་སུ་ཐོན་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་ལ། ཤེས་ཡོན་གྱི་གྲུབ་འབྲས་ཕྱོགས་ནས་གཟེངས་སུ་ཐོན་པ་བྱུང་བསྡད་ཡོད་པའི་སློབ་གྲྭ་རྩེ་ཕུད་ཅིག་ཡིན་པ་ཚང་མའི་སེམས་གཏིང་ནས་གུས་བཀུར་ཡོད་པ་ཞིག་རེད། ང་རང་ཚོའི་གཞུང་ནས་ངོས་འཛིན་གནང་གི་ཡོད་ན་མེད་ན་རེད། བློ་གཟུ་བོར་གནས་པའི་ཚོགས་པ་དེ་འདྲའི་ཞིབ་འཇུག་རབ་དང་རིམ་པ་གནང་ཡོད་པ་རེད་ལ། ཞིབ་འཇུག་གནང་པའི་ནང་ནས་འདས་ལོ་ཧི་མ་ཅལ་མངའ་སྡེའི་སློབ་གྲྭ་ཁག་ནང་སུ་ཇཱ་བོད་ཁྱིམ་སློབ་གྲྭ་རྩེ་ཕུད་(A)གསུམ་པའི་ཁོངས་སུ་མིང་འདོན་གནང་ཡོད་པ་རེད། དངོས་ནས་གནས་ཚུལ་དེ་ནི་གཟི་བརྗིད་ཆེན་པོ་ཞིག་རེད་བསམ་གྱི་ཡོད། ཅེས་གསུངས་སོང་།

ཡང་ཁོང་གིས། སུ་ཇཱ་བོད་ཁྱིམ་སློབ་གྲྭར་མཚོན་ན། འདས་པའི་ལོ་རྒྱུས་ནང་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ལ་ཡིག་ཚད་མ་འཕྲོད་པའི་གནས་ཚུལ་གཅིག་ཀྱང་བྱུང་མྱོང་མི་འདུག་ལ། ལོ་ངོ་༣༢ འདིའི་ནང་ལ་སུ་ཇ་སློབ་གྲྭ་ནས་ཡིན་པའི་སློབ་ཟུར་མང་པོས་བོད་མིའི་སྤྱི་ཚོགས་སུ་ཕྱག་ལས་གནད་འགག་ཆེན་པོ་དེ་འདྲ་གནང་གི་འདུག བོད་ཕྲུག་ཁྱིམ་སྡེར་མཚོན་ན། སྔོན་ཆད་གནས་སྟངས་ཧ་ཅང་སྐྱོ་བོ་ཞིག་གི་འོག་ནས་མགོ་ཚུགས་ཏེ་ད་ལྟ་ལོ་ངོ་༦༠ ཟིན་གྱི་ཡོད་པ་རེད། ལོ་ངོ་དེ་དག་གི་ནང་བོད་ཕྲུག་ཁྱིམ་སྡེ་ནས་སློབ་མཐར་ཕྱིན་པའི་སློབ་ཕྲུག ༤༥༠༠༠ བྱུང་ཡོད་པ་རེད། ང་ཚོ་བཙན་བྱོལ་བོད་མིའི་མི་འབོར་དེ་འབུམ་གཅིག་དང་ཕྱེད་ཀ་ཡིན་ཟེར་གྱི་ཡོད་དུས། བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་གྱིས་བཙན་བྱོལ་བོད་མིའི་མི་འབོར་གྱི་གསུམ་ཆ་གཅིག་ཆགས་བསྡད་ཡོད་པ་རེད། ད་ལྟ་བོད་ཕྲུག་ཁྱིམ་སྡེར་མཐོ་རིམ་སློབ་གྲྭ་འགྲིམ་མཁན་སློབ་གཉེར་བ ༡༤༡༠ ཡོད་པ་དང་། དེའི་ཁྲོད་དུ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་སློབ་གཉེར་བ ༣༤༤ བཅས་བོད་ཕྲུག་ཁྱིམ་སྡེ་ཡོངས་ནས་མང་ཤོས་ཆགས་ཡོད་པ་རེད། ཆེས་མཐོའི་མཐོ་རིམ་སློབ་གྲྭ་ཁག་ནང་གི་སློབ་གཉེར་བ་མང་ཤོས་སུ་ཇཱ་ཡིན་པ་ལྟར། མ་འོངས་པར་བོད་པའི་སྤྱི་ཚོགས་སུ་ཕྱག་ལས་གནང་མཁན་དང་། ལས་གནས་གལ་ཆེན་ཁག་གཉེར་མཁན་གྱི་ཁུངས་དེ་དང་པོ་ནས་བསྐྲུན་ཡོད་པ་བཞིན་སུ་ཇཱ་ཆགས་ཀྱི་ཡོད་པ་རེད། མདོར་བསྡུས་ན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚོས་སློབ་སྦྱོང་དང་ཤེས་ཡོན་སོགས་ཕྱོགས་གང་ཐད་ནས་ཕུལ་དུ་བྱུང་བ་བྱུང་ཡོད་པ་རེད། ད་ལྟ་ཡོད་པའི་སློབ་གཉེར་བ་ཚོས་མུ་མཐུད་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

འདི་གའི་གསར་འགོད་པས་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཀརྨ་ཤེས་རབ་ལགས་སུ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ད་ལྟའི་གནས་སྟངས་དང་སློབ་ཕྲུག་ག་ཚོད་ཡོད་མེད་སྐོར་སོགས་བཅར་འདྲི་ཞུས་སྐབས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་གྲྭ་ཆེ་ཆུང་གཉིས་སུ་ཁྱོན་སློབ་ཕྲུག་༡༢༠༠ མ་ཟིན་ཙམ་ཡོད་པ་དང་། ད་ལོར་སློབ་མཐར་ཕྱིན་མཁན་འཛིན་གྲྭ་བཅུ་པར་སློབ་ཕྲུག་༡༡༠ དང་འཛིན་གྲྭ་བཅུ་གཉིས་པར་༡༤༠ བཅས་ཁྱོན་བསྡོམས་སློབ་ཕྲུག་གྲངས་༢༥༠ སློབ་མཐར་ཕྱིན་གྱི་ཡོད་པ་རེད། སུ་ཇཱ་བོད་ཁྱིམ་སློབ་གྲྭར་མཚོན་ན། དེ་སྔོན་གྱི་སློབ་ཕྲུག་ཚོའི་སློབ་སྦྱོང་དང་ཀུན་སྤྱོད་སོགས་རྒྱུན་མཐུད་ཀྱིས་ད་ལྟའི་སློབ་ཕྲུག་ཚོར་མཚོན་ན་ཧ་ཅང་ཡག་པོ་འདུག་ལ། སློབ་སྦྱོང་གི་ཕྱོགས་ནས་ཡིན་ནའང་འདས་ལོ་ཧི་མ་ཅལ་མངའ་སྡེའི་སློབ་གྲྭ་རྩེ་ཕུད་ཀྱི་གྲས་སུ་མིང་འདོན་གནང་ཡོད་པ་རེད། ད་ལོར་སུ་ཇཱ་སློབ་གྲྭ་མཚོན་ན་གཙོ་བོ་ཤེས་ཡོན་གྱི་ཕྱོགས་ལ་འབད་བརྩོན་བྱ་ཐབས་བྱེད་ཀྱི་ཡོད་ལ། དེའི་ནང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཤུགས་བརྒྱག་དགོས་པར་སྐུལ་བཞིན་ཡོད། དེ་རིང་སུ་ཇཱ་སློབ་གྲྭ་དབུ་བརྙས་ཏེ་ལོ་ངོ་༣༢ འཁོར་གྱི་ཡོད་པ་རེད་ལ། སུ་ཇཱ་བོད་ཁྱིམ་སློབ་གྲྭར་མཚོན་ན། སློབ་ཕྲུག་སྟོང་ཕྲག་མང་པོ་འདི་ནས་སློབ་མཐར་ཕྱིན་ཡོད་པ་དང་། སློབ་ཟུར་མང་པོ་ཞིག་བཙན་བྱོལ་སྤྱི་ཚོགས་ཀྱི་ལས་སྣེ་མང་པོ་ན་ཡོད་པ་དང་མང་པོ་ཞིག་གིས་ཕྱག་ལས་གནད་ཅན་གནང་འདུག་ཡོད་པ་རེད། ང་ཚོར་མཚོན་ན། ལོ་རེ་བཞིན་སུ་ཇཱ་སློབ་གྲྭ་དབུ་བརྙས་བའི་དུས་དྲན་དང་བསྟུན་སློབ་ཟུར་ཚོ་ཕྱིར་རང་གི་ནང་ལ་ལོག་རྒྱུ་དེ་གལ་ཆེན་པོར་རྩི་ཡི་ཡོད་པ་རེད། དེ་རིང་ལ་མཚོན་ན་ཕྱི་ལོ་༢༠༠༨ ལོའི་སློབ་ཟུར་མང་པོ་ཡོང་ནས་དགེ་རྒན་དང་སློབ་ཟུར་ཚོ་ཕན་ཚུན་ལ་ཐུག་འཕྲད་དང་། སུ་ཇཱ་སློབ་གྲྭའི་དགེ་ལས་ཚོར་བཀའ་དྲིན་རྗེས་དྲན་སོགས་ཞུ་ཡི་ཡོད་པ་རེད། ང་ཚོར་མཚོན་ན། སློབ་གྲྭ་དབུ་བརྙས་ཏེ་ལོ་རེ་བཞིན་དེ་སྔའི་སློབ་ཟུར་ཚོ་ཕྱིར་རང་གི་ནང་ལ་ལོག་ཡོང་ནས་ཕན་ཚུན་བསྐྱར་དུ་ཐུག་འཕྲད་བྱ་རྒྱུ་དེ་གལ་གནད་ཆེན་པོ་ཞིག་ཏུ་རྩི་ཡི་ཡོད། ཅེས་བརྗོད་བྱུང་།

མཇུག་ཏུ་སུ་ཇཱ་སློབ་གྲྭའི་སློབ་ཟུར་རྣམ་པའི་འདས་པའི་ལོ་ངོ་བཅུའི་རིང་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཕྱག་ལས་གནང་མཁན་དགེ་ལས་ཁག་ཅིག་ལ་ཐུགས་རྗེ་ཆེ་ཞེས་ཕྱག་རྟགས་དང་སུ་ཇཱ་སློབ་གྲྭའི་སློབ་ཕྲུག་རྣམས་ནས་བོད་དང་རྒྱ་གར་གྱི་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་སོང་།

གསར་འགོད་པ་སངས་རྒྱས་དཀོན་མཆོག་གིས་ས་གནས་ནས་སྤེལ།

བསྐྱར་བཅོས།: ༢༠༡༨/༠༣/༢༦

Leave a Reply

2 thoughts on “སུ་ཇཱ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༣༢ འཁོར།

  1. ཤ་མི་ཟ་བའི་སྡེར་ཁ་གྲི་དགོས་དོན་མེད་ཀི། ཕུག་མེད་པའི་སློབ་གྲྭ་རུ་དུས་ཆེན་འདིས་ཅི་བྱ། བཙན་བྱོལ་བོད་གཞུང་གིས་ལོ་སྔོན་ཆད་ལོ་རབས་བརྒྱད་ཅུའི་ནང་བྱུང་བའི་སུ་ཇྭ་བོད་ཁྱིམ་དུ་མདོ་སྟོད་དང་མདོ་སྨད་ཕྱོགས་ཁག་བསྒྲིགས་ཏེ་རྡུང་རྒྱག་བྱས་པའི་དོན་རྐྱེན་དེའི་ནང་ན་གཞུང་གི་ཀླད་སྙིང་མཁྲེགས་གཟུང་གི་རྒད་པོ་ཁ་ཤས་ད་དུང་ཤི་མེད་ཚོད་ཡིན། ཁྱེད་ཚོའི་བསམ་ཐོག་ལ་སོང་ཡོད་མོད། ད་ལྟ་ཅི་འདྲ་རེད། མཐོང་སོང་བས།

  2. བསྟན་འཛིན།

    བོད་གཞུང་ལས་ཁུངས་ཁག་ནང་སུ་ཇ་སློབ་གྲྭའི་སློབ་ཟུར་གསར་འབྱོར་བ་དེ་འདྲ་ཡོད་རེད་དམ། ཡོད་ན་དཔེ་མཚོན་ཤོད་དང་།