ལྷོ་ཕྱོཊ་བོད་མིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས།

རྒྱ་གར་ལྷོ་ཕྱོགས་བོད་མིའི་འཕྲོད་བསྟེན་མཐུན་ཚོགས་ཀྱིས་ནད་རིགས་འདྲ་མིན་སྔོན་འགོག་ཐད་མང་ཚོགས་ལ་གོ་རྟོགས་སྤེལ་ཆེད་བགྲོ་གླེངདང་ལམ་སྟོན་གཏམ་བཤད་སོགས་ཀྱི་ལས་འགུལ་སྤེལ་གྱི་འདུགཟླ་འདིའི་ཕྱི་ཚེས ༢༥ ཉིན་སྦེང་ལོར་བོད་རིགས་མཐོ་རིམ་སློབ་མའི་གཞོན་ནུའི་སྡོད་ཁང་དུ། ལྷོ་ཕྱོགས་བོད་མིའི་འཕྲོད་བསྟེན་མཐུན་ཚོཊ་ཀྱི་སྣེ་ཁྲིད་འོག  སྦེང་ལོར་ཁུལ་དུ་འཕྲོད་བསྟེན་སྐོར་གྱི་ཆེད་ལས་འདྲ་མིན་ཐོག་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་དང་། ཕྱག་ལས་གནང་བཞིན་པའི་གཞོན་སྐྱེས་ ༥༠ ལྷག་གིས་འཕྲོད་བསྟེན་ཆེད་ལས་པའི་ལྷན་འཛོམས་ཞེས་པའི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོ་ལྷོ་སྤྱིའི་འགན་འཛིན་ཆོས་འཕེལ་ཐུབ་བསྟན་ལགས་ཕེབས་ཡོད་པ་དང་། ཚོགས་འདུའི་ནང་མིག་གི་ཆེད་སྦྱོང་བ་སློབ་ཕྲུག་ ༣ དང་། སོ་དང་ཁའི་ཆེད་ལས་པ་ ༡༥། སྨན་སྦྱོར་ཆེད་ལས་པ་ ༡༣། ཕྱི་བཅོས་གསོ་ཐབས་ཆེད་ལས་པ་ ༢། སྒྲ་དང་རྣ་བའི་ཆེད་ལས་པ་ ༡། སྨན་ཞབས་མ་ ༢༥ མཉམ་ཞུགས་བྱས་ཡོད་འདུག

མཛད་སྒོའི་ཐོག་མར་ལྷོ་ཕྱོགས་བོད་མིའི་འཕྲོད་བསྟེན་མཐུན་ཚོཊ་བཙུཊ་པ་ནས་བོད་མིའི་སྤྱི་ཚོགས་སུ་འཕྲོད་བསྟེན་དང་འབྲེལ་བའི་ལས་རིགས་འདྲ་མིན་སྤེལ་བ་དག་བརྙན་ཐུང་བརྒྱུད་ནས་ཚོཊ་བཅར་བ་རྣམས་ལ་གཟིགས་འབུལ་དང་། དེའི་རྗེས་སློབ་ཕྲུག་འཐུས་ཚབ་ཀྱི་ཚོཊ་གཙོ་བསྟན་འཛིན་ལགས་ནས་ཚོགས་པ་དང་དེའི་དམིཊ་ཡུལ་སྐོར་ངོ་སྤྲོད་དང་། ཚོགས་མི་ཀུན་དགའ་ལགས་ནས་དེ་སྔོན་ལྷོ་ཕྱོཊ་གཞིས་ཆཊ་ཁག་ལ་འཕྲོད་བསྟེན་སྐོར་བསྐྱོད་སྐབས་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་གཟིགས་འབུལ་དང་། སོའི་ཆེད་ལས་སྨན་པ་བསམ་འགྲུབ་ལགས་ནས་སོ་དང་འབྲེལ་བའི་ཤེས་བྱའི་སྐོར་བརྙན་རས་བརྒྱུད་གོ་བསྡུར་གསལ་བཤད་སོགས་གནང་ཡོད་པ་རེད།

མཇུག་ཏུ་སྐུ་མགྲོན་གཙོ་བོ་ལགས་ནས་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་དང་སྤྱི་ཚོཊ་ནང་ཞབས་འདེགས་གང་ཐུབ་ཞུ་དགོས་པའི་སྐོར་ལ་གསུང་བཤད་གྲུབ་མཚམས། ཚོཊ་བཅར་བ་རྣམས་སྡེ་ཚན་སོ་སོར་དབྱེ་ནས་སྤྱི་ཚོཊ་ནང་ཞབས་འདེགས་ཇི་ལྟར་སྒྲུབ་མིན་ཐད་བསམ་ཚུལ་བརྗེ་རེས་དང་གོ་བསྡུར་གནང་ཡོད་པ་དང་། དེ་བཞིན་ཚོགས་བཅར་བ་ཚོར་རྩེད་མོ་འདྲ་མིན་གོ་སྒྲིག་བྱས་ཏེ་ཚོགས་འདུ་མཇུག་བསྡུས་ཡོད་འདུག

ལྷོ་ཕྱོགས་བོད་མིའི་འཕྲོད་བསྟེན་མཐུན་ཚོཊ་ནི་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཆེན་གྱི་མཛད་སྒོ་དང་བསྟུན། བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་གནས་སྟངས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ནན་པོ་བསྩལ་བའི་དགོངས་དོན་བཞིན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་འོག་ལྷོ་སྤྱི་ལས་ཁུངས་ནས་འགན་འཁུར་སྣེ་འཁྲིད་ཀྱིས་སྦེང་ལོར་ཁུལ་འཕྲོད་བསྟེན་ལས་རིགས་འདྲ་མིན་ཐོག་སློབ་གཉེར་བྱ་བཞིན་པའི་སློབ་ཕྲུག་ཁག་གཅིག་དང་། སྨན་ཞབས་གནང་མཁན་མི་ཉུང་བ་ཞིག་ལས་གྲུབ་པའི་ལྷོ་ཕྱོགས་བོད་མིའི་འཕྲོད་བསྟེན་མཐུན་ཚོགས་ཞེས་པ་གསར་འཛུགས་བྱས་ཏེ། ཕྱི་ལོ་ ༢༠༡༧ ཟླ་ ༨ པའི་ནང་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་ཚོགས་པ་དབུ་འབྱེད་གནང་ཡོད་པ་དང་། ཚོགས་པའི་ངོ་བོ་དང་དམིགས་ཡུལ་ལྟར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མེ་སོར་རྫོང་ཁོངས་ལུགས་ཟུང་བསམ་གྲུབ་གླིང་དང་། བདེ་སྐྱིད་སླར་གསོ། ཧུན་སུར་རབ་རྒྱས་གླིང་། ཅ་མ་རཛ་ན་སྒར་རྫོང་ཁོངས་སུ་ཡོད་པའི་ཀོ་ལི་གྷལ་དོན་ལྡན་གླིང་དང་། ཀར་ལྦར་རྫོངས་ཁོངས་མོ་རྒུ་འདོད་རྒུ་གླིང་བཅས་སུ་ནད་རིགས་འདྲ་མིན་སྔོན་འགོག་ཐད་མང་ཚོགས་ལ་གོ་རྟོགས་གཏམ་བཤད་དང་བགྲོ་གླེང་ལམ་སྟོན་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་དང་། མཐུན་ཚོགས་ཀྱི་ཚོགས་གཙོ་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་། ཚོགས་གཞོན་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དོན་གྲུབ་ལགས། ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ་ཚོགས་མིར་ཞུགས་པའི་འཕྲོད་བསྟེན་ལྟ་སྐྱོང་གི་ཚོགས་པ་ཞིག་ཡིན་འདུག

ལྷོ་ཕྱོགས་བོད་མིའི་འཕྲོད་བསྟེན་ལྷན་ཚོགས་ནས་གནས་ཚུལ་མཁོ་སྤྲོད་གནང་།

བསྐྱར་བཅོས།: ༢༠༡༨/༠༣/༢༦

Leave a Reply