རྒྱ་གར་གྱི་འཕྲུལ་སྐར་ཆེ་ཤོས་བོར་བརླག་ཏུ་ཕྱིན།   

རྒྱ་གར་གྱི་དམག་དོན་ལྟ་ཞིབ་ཀྱི་འཕྲུལ་སྐར་ཆེ་ཤོས་ཤིག་བར་སྣང་དུ་བཏང་སྟེ་ཉིན་གཉིས་ལས་མ་འགོར་བར་ས་ངོས་དང་འབྲེལ་བ་ཆད་དེ་བོར་བརླག་ཏུ་ཕྱིན་ཡོད་འདུག

རྒྱ་གར་བར་སྣང་འཕྲུལ་སྐར་ལྟ་ཞིབ་ཚོགས་པས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་བར་སྣང་དུ་བཏང་སྟེ་ལེགས་འགྲུབ་བྱུང་བའི་རྒྱ་གར་དམག་དོན་འབྲེལ་མཐུད་ཀྱི་འཕྲུལ་སྐར་(GSAT-6A)འབྲེལ་བ་ཆད་དེ་བོར་བརླག་ཏུ་ཕྱིན་ཡོད་འདུག  འཕྲུལ་སྐར་དེའི་ལྗིད་ཚད་ལ་སྤྱི་རྒྱ་༢༠༦༦ དང་། གནས་ཚད་དུས་ཡུན་ལོ་ ༡༠ ཡིན་ལ།  འགྲོ་གྲོན་ཧིན་སྒོར་ས་ཡ་ ༢༧༠༠ བཏང་ཡོད་འདུག འཕྲུལ་སྐར་བསྐྱར་དུ་འཚོལ་ཞིབ་འབྲེལ་མཐུད་བྱེད་པར་ཨ་སྒོར་ས་ཡ་ ༤༡།༥ འགྲོ་ཡི་ཡོད་སྐོར་སོགས་བརྗོད་འདུག

འཕྲུལ་སྐར་དེ་ནི་དམིགས་བསལ་གྱིས་རྒྱ་གར་གྱི་དམག་དོན་ཐད་ས་ངོས་ནས་ལྟ་ཞིབ་འབྲེལ་ལམ་མཐུད་ཐབས་སོགས་སུ་གལ་གནད་ཆེ་བ་ཞིག་ཡིན་པས་འཕྲུལ་སྐར་བར་སྣང་ལ་བཏང་བ་ལེགས་འགྲུབ་བྱུང་མ་ཐག  སྲིད་བློན་ན་རན་དྷ་མུ་དྷི་མཆོག་གི་གཙོས་རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོས། སྤྱི་ཚོགས་བརྒྱུད་ལམ་ཁག་ནས་ལས་གཞི་དེའི་འབྲེལ་ཡོད་ཚན་རིག་པ་རྣམས་ལ་བསྔགས་བརྗོད་དང་འཚམས་འདྲི་ཞུས་ཡོད་འདུག

རྒྱ་གར་འཕྲུལ་སྐར་ལྟ་ཞིབ་ཚོགས་པའི་ཚོགས་ཟུར་སྐུ་ཞབས་གེ་རན་ཀུ་མར་ལགས་ཀྱིས།  ད་རེས་ཀྱི་འཕྲུལ་སྐར་དེའི་ བྱེད་ནུས་གཙོ་བོ་ནི་རྒྱ་གར་གྱི་ས་ཁྱོན་ཡོངས་དང་། དམིགས་བསལ་ས་ཆ་ཁུག་ཀྱོག་སོགས་ནས་ཀྱང་བརྡ་རྟགས་ལེན་ཐུབ་ཀྱི་ཡོད་པ་དང་། དེ་ནི་རྒྱ་གར་གྱི་འཕྲུལ་སྐར་ཆེ་ཤོས་ཤིག་ཡིན། ཞེས་བརྗོད་ཡོད།

རྒྱ་གར་གྱིས་འདས་པའི་ལོ་ངོ་བཅུ་ལྷག་གི་རིང་འཕྲུལ་སྐར་བོར་བརླག་ཏུ་སོང་མྱོང་མེད་པ་དང་། ཚོང་ལས་རིག་པ་བ་ཁག་ཅིག་གིས།  ཐེངས་འདིའི་འཕྲུལ་སྐར་བོར་བརླག་ཏུ་ཕྱིན་པ་དེས་རྒྱ་གར་ལ་འཕྲུལ་སྐར་ཐོན་སྐྱེད་ཀྱི་ཁྲོམ་རའི་ནང་དཔལ་འབྱོར་གྱོང་གུད་ཆེན་པོ་ཐེབས་ཡོད་སྐོར་བརྗོད་འདུག

རྒྱ་གར་གྱི་གསར་ལམ་ཁག་ནས་བརྗོད་ན། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གྱིས་སའི་གོ་ལའི་ཁྱིམ་རྒྱུད་མར་སིའི་ (Mars)སྟེང་འཕྲུལ་སྐར་ཚོད་ལྟ་ལེགས་འགྲུབ་བྱུང་སྟབས། རྒྱ་གར་འཛམ་གླིང་ཐོག་མར་སིའི་སྟེང་འཕྲུལ་སྐར་ཚོད་ལྟ་བྱེད་མཁན་ཐོག་མ་དང་། ལོ་དེའི་ཕྱི་ཟླ་ ༢ པའི་ནང་རྒྱ་གར་གྱིས་བར་སྣང་ལ་འཕྲུལ་སྐར་ཆེ་ཆུང་མི་འདྲ་བ་ ༡༠༣ བཏང་སྟེ། དེ་སྔའི་ཨུ་རུ་སུའི་འཕྲུལ་སྐར་གྱི་གྲངས་ཀ་ ༣༧ ལས་བརྒལ་ཏེ་འཛམ་གླིང་གི་འཕྲུལ་སྐར་མང་ཤོས་ཀྱི་རྒྱལ་ཁབ་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༠༢

Leave a Reply

3 thoughts on “རྒྱ་གར་གྱི་འཕྲུལ་སྐར་ཆེ་ཤོས་བོར་བརླག་ཏུ་ཕྱིན།   

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཚན་རྩལ་རིག་པས་འཛམ་གླིང་བདེ་སྐྱིད་བསྐྲུན་།
    ཚད་ལས་འགལ་ནས་འཛམ་གླིང་ཉེན་ཁར་བསྐྱལ་།
    ཚོད་དཔག་མ་ཐུབ་ཤེས་བྱ་མཐའ་མེད་ལ་།
    གཡང་རྩལ་ཆེ་ན་རང་མེད་རོགས་མེད་ཉེན་།

  2. གཞུང་པ་ཚེ་དབང་བསོད་ནམས་།

    ཨ་ཁ་ གནས་ཡུལ་རྒྱལ་ཁབ་ལ་གཏམ་དོན་གཉིས་ལ་གྱོང་ཆེན་
    པོ་རག་འདུག་བོད་མི་ཚོའི་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་སྨོན་ལམ་རྒྱག་རྒྱུ་གལ་ཆེན་པོ་མིན་འགྲོ་།

  3. སྲས་སྐུ་ངོ་།

    རྒྱ་གར་གྱི་བར་སྣང་འཕྲུལ་སྐར་བོར་བརླག་ཕྱིན་པ་དུས་མཚུངས་རྒྱ་ནག་གི་བར་སྣང་འཕྲུལ་སྐར་འཕྲོ་བརླག་ལ་ཕྱིན་ཏེ་སའི་གོ་ལའི་སྟེང་ཟག་པ་ཡོད་ཚོད་འདུག

    ཕལ་ཆེར་རྒྱ་དཀར་ནག་གཉིས་ཀྱིས་ཁུ་སིམ་སིམ་ངང་བར་སྣང་འཕྲུལ་སྐར་འགྲན་བསྡུར་བྱས་པར་ཕམ་ཉེས་ཆེན་པོ་བྱུང་བ་རེད།